ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཅང་སུའུ་ཡིས་ལོ་27རིང་ལྷ་ས་གྲོང་ཁྱེར་ལ་རོགས་སྐྲུན་ནོར་སྲིད་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་56.3བཏང་བ།

ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་ས་མཐོའི་བདེ་སྐྱིད་ཀྱི་ལེའུ་བརྩམས།

སྤེལ་དུས 2021-10-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ​པའེ་ཀོང་ཏིས།
          ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྒོར་དུང་ཕྱུར་2.63བཏང་ནས་བསྐྲུན་པ་ཞིག་རེད། 2014ལོར་བསྐྲུན་པ་ནས་བཟུང་ཅང་སུའུ་ཡིས་ཁྱོན་ཁག་ཐེངས་4ཡི་བོད་སྐྱོར་དགེ་རྒན་མི་ཐེངས་140བཏང་བའི་ཁྲོད་ནས་དགེ་རྒན་47གྱིས་བསྟུད་མར་བོད་སྐྱོར་བྱས་ཡོད། བོད་སྐྱོར་དགེ་རྒན་གྱི་བོད་སྐྱོར་སློབ་ཁྲིད་ཁྲོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད། བོད་ཡིག་ཕུད་ཅང་སུའུ་ཞིང་ཆེན་གྱི་འཐབ་ཕྱོགས་དང་པོའི་གྲགས་ཅན་དགེ་རྒན་རྐང་འཛིན་པ་འདེམས་གཏོང་བྱས་ཡོད། “ང་ཚོའི་འབྲིང་རྒྱུགས་ཀྱི་སྦྱངས་འབྲས་ལོ་བཞི་བསྟུད་མར་ལྷ་ས་ནས་ཨང་དང་པོ་ཡིན་པ་དང་། འདི་ལོའི་འབྲིང་རྒྱུགས་ཁྲོད་ནང་སའི་བོད་ལྗོངས་འཛིན་གྲྭར་ཡིག་རྒྱུགས་ལོན་ཚད་52%ཟིན་པ། མཐོ་རྒྱུགས་ཁྲོད་དངོས་གཞིའི་ཚན་ཁག་ལ་ཡིག་རྒྱུགས་ལོན་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད། འདི་ལོ་མཐོ་རྒྱུགས་ཀྱི་གཙོ་གནད་དངོས་གཞིའི་ཚན་ཁག་དང་དངོས་གཞིའི་ཚན་ཁག་ལ་ཡིག་རྒྱུགས་ལོན་ཚད་གཉིས་ཀ་ན་ནིང་གི་རྨང་གཞིའི་ཐོག་ལྡབ་འཕར་བྱུང་ཡོད”ཅེས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཧྭ་ཡིས་ངོ་སྤྲོད་བྱས།
          ཅང་སུའུ་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་བཀོད་འདོམས་པ་ཧྲེན་ཧའེ་པིན་གྱིས། 1994ལོར་བོད་ལྗོངས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་ཅང་སུའུ་ཡིས་རིམ་རྩིས་བྱས་ན་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་དགུ་ཡི་མི་ཐེངས་849འདེམས་གཏོང་བྱས་པ་དང་། འཆར་གཞིའི་ནང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་56.3བཏང་ནས་བོད་སྐྱོར་རྣམ་གྲངས་657ལག་ལེན་བསྟར་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་། ཁྱབ་ཁོངས་རྒྱ་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་རྣམ་པ་ཞིག་བཏོད་ཡོད་ལ། བོད་སྐྱོར་མ་དངུལ་དང་། རྣམ་གྲངས། མི་སྣའི་གྲངས་འབོར་བཅས་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          རྣམ་གྲངས་འཛུགས་སྐྲུན་བྱས་ནས་གྲོང་མི་ཕྱིར་སྐྱོད་པའི“ཐོག་མའི་འགག་གནད”ཐག་གཅོད་ཐུབ་པ།
          ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བློ་བཟང་གྲོང་ཚོའི་ཆུ་བོའི་འགྲམ་དུ་བཟོ་པ་ཚོས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་ཡོད་པ་དང་། ས་འདྲུད་པ་དང་རྡོ་རེ་རེ་བཞིན་སྔོག་པ་དང་བསྟུན་ནས་གྲོང་མི་ཚོ“འཚོ་བའི་འབྲེལ་ཟམ”དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད། ཟམ་པ་དེ་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི“ཆུ་ཟམ་འདུ་འགོད”ཀྱི་གྲས་ཤིག་རེད། ཟམ་པ་དེའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་དེ་སྔོན་ཆུ་ཚོད་གཅིག་ལྷག་ཙམ་འགོར་བའི་ལམ་ཐག་དེ་སྐར་མ་བཅུ་གྲངས་ནང་སླེབས་ཐུབ་པའི་བར་ཐུང་དུ་འགྲོ་རྒྱུ་རེད།
          “ཆུ་ཟམ་འདུ་འགོད”ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་ལ། མི་སེར་གྱི་ཆེད་དུ་བྱ་བ་དངོས་བསྒྲུབས་པ་ཞིག་ཀྱང་ཡིན། 2020ལོ་ནས་བཟུང་། མལ་གྲོ་གུང་དཀར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ནན་ཅིང་གྲོང་ཁྱེར་ལས་དོན་ཚོགས་ཆུང་གིས་ལོ་གསུམ་ནང་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་ཁུལ་དུ་དམངས་ཕན་གྱི་ཟམ་པ་100ལྷག་ཙམ་བསྐྲུན་རྩིས་ཡོད་པ་དང་། རྫོང་དེ་ཡོངས་ཀྱི་ཤང་གྲོང་8དང་སྲིད་འཛིན་གྲོང་ཚོ་40ལ་ཁྱབ་རྒྱུ་མ་ཟད། ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་1.46གི་མི་ཁྲི་5.6ལ་ཕན་པ་ཐོབ་རྒྱུ་རེད།
          “ཅང་སུའུ་བོད་སྐྱོར་གྱིས་ལོ་ལྟར་གཞི་རིམ་དང་དམངས་འཚོའི་ཐད་བོད་སྐྱོར་མ་དངུལ་གཏོང་ཚད་80%ཡན་ཟིན་པ་དང་། ནུས་ཤུགས་ཡོད་རྒུས“མཛེས་སྡུག་ལྡན་པའི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སྐྲུན་པའི་བྱ་སྤྱོད་ནང་ཞུགས་ནས“བདེ་སྐྱིད་ལམ་བུའི་འདུ་འགོད”དང“ཆུ་ཟམ་འདུ་འགོད”སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད”ཅེས་ཧྲེན་ཧའེ་པིན་གྱིས་ངོ་སྤྲོད་བྱས།
          སྨན་བཅོས་རོགས་སྐྱོར་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་པ།
          ནད་ཁྲི་290དང་བོད་སྨན་ལུམས་རྒྱག་སའི་ནད་ཁྲི་20ཡོད་པ་དང་། CTདང་ཕོ་རྒྱུ་བརྟག་དཔྱད་འཕྲུལ་འཁོར་སོགས་བརྟག་དཔྱད་བྱེད་ནུས་ཚན་ཁག་ཡོད་པ། གཤགས་བཅོས་ཁང་4ཡོད་པ། བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཐོག་ཁང་ཁེར་སྐྲུན་བྱས། དེ་ལྟ་བུའི་ཆ་རྐྱེན་འཛོམས་པའི་སྟག་རྩེ་ཆུས་མི་དམངས་སྨན་ཁང་དུ་སྐྱོད་སྐབས་ལྷ་སར་སྒྲིག་ཆས་ཆ་ཚང་པོ་དེ་འདྲ་དང་སྒྲིག་བཀོད་སྔོན་ཐོན་དེ་འདྲ་ཡོད་པའི་རྫོང་དང་ཆུས་ཀྱི་སྨན་ཁང་ཞིག་ཡོད་པ་བསམ་པའི་ཡུལ་ལ་འཁོར་མི་སྲིད། 2016ལོར་སྟག་རྩེ་ཆུས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་བླང་བྱ་ལྟར་མ་འོངས་ལོ་བཅུའི་ནང་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་བསྐྲུན་ཡོད།
          “འདི་ལོའི་ལོ་སྟོད་དུ་ཀྲེན་ཅང་གི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་སྨན་བཅོས་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ཅིང་། མིག་སྔའི་བར་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་3སྤེལ་བ་དང་། སྨན་པ་བསྟེན་མཁན་དང་བློ་འདྲི་བྱེད་མཁན་ཞིང་འབྲོག་པ་ཁྱོན་མི་ཐེངས་600ཙམ་ལ་སྣེ་ལེན་ཞུས་པ། སྨན་ཐོ་500ལྷག་ཙམ་བྲིས་པ། སྒོར་ཁྲི་2ལྷག་ཙམ་རི་བའི་སྨན་རྫས་སྤྲད་པ་བཅས་བྱས་ཡོད”སྟག་རྩེ་ཆུས་ཨུད་ཀྱི་རྒྱུན་ཨུ་ཞུས་ཅུན་ཁྲའོ་ཡིས། ཚོགས་སྒྲིག་རྣམ་པའི་ཁ་གཏད་རོགས་སྐྱོར་དང་སྨན་བཅོས་ལས་སྒོའི་རོགས་སྐྱོར་ལས་དོན་སྤེལ་བ་བརྒྱུད། རང་སོ་སོའི་ཆེད་ལས་ལ་གཞིགས་ནས་མི་རེས་ཆ་སྙོམས་ཚན་ཁག་རེ་ནས་དགེ་ཕྲུག་གཉིས་རེ་ཉར་བ་དང་མི་10ལ་རོགས་སྐྱོར་བྱེད་པའི་གྲོས་མཐུན་ཡི་གེ་བཞག་ཡོད་ལ། སྨན་ཁང་རིམ་པའི་གསོ་སྦྱོང་དུས་ཐེངས་12སྤེལ་ནས་མི་ཐེངས་240ལ་གསོ་སྦྱོང་བྱས་པ་དང་། མི་ཐེངས་16གིས་ལྷན་འཛོམས་ནད་དཔྱད་བྱས་པ། བཅོས་དཀའ་བའི་ནད་གཞི་2བདེ་བླག་ངང་བཅོས་ཐུབ་ནས་ས་མཐོའི་ཁུལ་དུ་གཤགས་བཅོས་2བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ཅང་སུའུ་ཡི་བོད་སྐྱོར་ལས་བྱེད་པ་དང་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀའོ་ཕུང་གིས། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་བོད་ལྗོངས་སུ་མི་ཐེངས་832ལ་ལས་སྒོའི་གསོ་སྦྱོང་བྱས་པ་དང་། ཡུན་རིང་ཟབ་སྦྱོང་བྱེད་མཁན་སློབ་མ་718བསྡུ་ལེན་བྱས་པ། ནད་པ་མི་ཐེངས་ཁྲི་7.67ལྷག་ཙམ་ལ་སྨན་བཅོས་བྱས་པ། གཤགས་བཅོས་སྣ་ཚོགས་3869ལ་མཛུབ་ཁྲིད་བྱས་པའམ་ཡང་ན་དེའི་ནང་ཞུགས་པ། བཅོས་དཀའ་བའི་ནད་གཞི་8459ལ་ལྷན་འཛོམས་ནད་དཔྱད་དང་གྲོས་བསྡུར་བྱས་པ་བཅས་བརྒྱུད། རོགས་སྐྱོར་བྱ་ཡུལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཧྲིལ་པོའི་བྱང་ཚད་མཐོ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།
          ས་གཙང་བདེ་ཐང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ནུས་འདོན་སྤེལ་བྱས་པ།
          སྐྱ་མདའ་བཏང་མ་ཐག་ལོ་38ལ་སླེབས་པའི་བསྟན་འཛིན་སྒྲོལ་དཀར་ཆུ་ཤུར་རྫོང་ཚལ་སྣ་ཤང་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་འབྲི་ཏ་ས་འཛིན་འཐུ་བར་བསྐྱོད། ལོ་གསུམ་གོང་བསྟན་འཛིན་སྒྲོལ་དཀར་གྱིས་ཁྱིམ་དུ་ཞིང་ལས་བྱེད་ཀྱི་ཡོད་ཅིང་། ས་ཞིང་བརྒྱུད་བཤུག་བྱས་རྗེས་ཁོང་ས་གཙང་ཐོན་ལས་གླིང་དུ་ཆུ་གཏོང་བ་དང་ལུད་རྒྱག་པ་སོགས་ཀྱི་ལས་ཀ་བྱེད་པར་ཡོང་ནས་ཟླ་རེར་གླ་ཆ་སྒོར་4500ལེན་རྒྱུ་ཡོད།
          ས་གཙང་བདེ་ཐང་ཐོན་ལས་ནི་ཅང་སུའུ་ཐོན་ལས་བོད་སྐྱོར་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། བོད་སྐྱོར་རྣམ་གྲངས་འདི་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་ཅང་སུའུ་གླིང་འཛུགས་སྐྲུན་དང་དོ་དམ་གྱི་ཉམས་མྱོང་འདོན་སྤེལ་བྱས་ནས་ཐོན་ཁུངས་སྣ་ཚོགས་ལེགས་བསྡུས་བེད་སྤྱོད་ཀྱིས“སྔོན་ལ་སྦགས་བཙོག་བཟོ་བ་དང་མཇུག་ཏུ་བཅོས་སྐྱོང་བྱེད་པའི”ལམ་རྙིང་པར་མི་བསྐྱོད་པར་ཐོན་ལས་འཕེལ་རྒྱས་ཀྱིས་ལྷ་སའི་ཉམས་ཞན་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་གཏོང་བ་དང་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་རེད།
རྩོམ་སྒྲིག་པ། བསྟན་ཆོས།