ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཀོང་ཏུང་དང་བོད་ལྗོངས་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་བཅུ་པའི་ཉིང་ཁྲིའི་སྟོན་དུས་དེ་བས་ཡིད་དབང་འཕྲོག
          “གྲོགས་པོ་ཚོ། ང་ཚོ་ཉིང་ཁྲི་ནས་ཐོན་པའི་ཀུ་ཤུ་དང་སྟར་ཁར་ལྟ་བར་ཤོག་དང” འདི་ལོའི་རྒྱལ་སྟོན་གྱི“རྫོགས་ལྡན་གཟའ་འཁོར”རིང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱིབས་གྲོང་ཚོའི་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་བ་དང་། མཛེས་ལྗོངས་ཁུལ་ཉེ་འགྲམ་དུ་ཁྲོམ་བཏོན་མཁན་མང་ཚོགས་ཚོས་རྒྱ་སྐད་བརྒྱབ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པར་སྣེ་ལེན་ཞུ་བཞིན་མཆིས།
          “ཁམ་བུའི་མེ་ཏོག་གྲོང་ཚོར”“ཡུལ་སྐོར་གྱི་ཡོང་འབབ”བྱུང་བ།
          ལོ་ཤས་གོང་། རྒྱལ་ལམ་318འགྲམ་དུ་གནས་པའི་ཀ་ལ་གྲོང་ཚོ་ནི་སྐད་གྲགས་མེད་པའི་རི་གྲོང་ཆུང་ཆུང་ཞིག་རེད། ད་ཆ་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ་དེ་ཉིད“དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་གྲོང་ཚོ”ཞིག་ཏུ་གྱུར་ནས་དྲ་གྲོགས་ཚོས“དབེན་པའི་སྐྱེད་ཚལ”ཞེས་བརྗོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
          “ཀ་ལ་གྲོང་ཚོའི་ས་བབ་མཐོ་ཚད་སྨི་2900ཟིན་པ་དང་ཉེ་འཁོར་དུ་ཁམ་སྡོང་སྟོང་ཕྲག་ཡོད། ང་ཚོའི་གྲོང་ཚོས་རང་བྱུང་གི་ལེགས་ཆར་བརྟེན་ནས་གྲོང་མིར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་དང་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་ལྕག་སྐུལ་བྱས་པས་རིམ་བཞིན་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད” ཀ་ལ་གྲོང་ཚོའི་ཁོངས་གཏོགས་སུ་གཏོགས་པའི་བྲག་ཕྱིབས་སྲིད་འཛིན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པར་བཅར་འདྲི་བྱེད་སྐབས་འགྱུར་ལྡོག་           དེ“ཀོང་ཏུང་གི་བོད་སྐྱོར་ལས་བྱུང་བའི་གཡུར་ཟའི་གྲུབ་འབྲས”ཡིན་ཞེས་བརྗོད་བྱུང་། སྤེན་པས་དྲན་གསོ་དང་བཅས་2002ལོར་ཉིང་ཁྲིར་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོ་གཉེར་བ་ནས་བཟུང་ཀ་ལ་གྲོང་ཚོ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། འོན་ཀྱང་། སྐབས་དེ་དུས་གྲོང་ཚོའི་ནང་ཕག་པ་དང་བ་གླང་གང་སར་རྒྱུག་པ་དང་གྲོང་མི་ཚོས་རང་ཁྱིམ་གྱི་ས་ཞིང་མདུན་དུ་རང་མོས་ངང་ཁྲོམ་བཏོན་པས་ཟང་ཟིང་ཆེ་ཙམ་ཡོད། 2013ལོ་བར་ཀ་ལ་གྲོང་ཚོའི་ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5ཡང་ཟིན་གྱི་མེད་ཅེས་བརྗོད་བྱུང་། 
          སྐབས་དེར་ཀོང་ཏུང་གི་བོད་སྐྱོར་མ་དངུལ་དུས་ཐོག་ཆར་པ་ལྟར་བྱུང་ནས། གྲོང་ཚོར་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་ཁམ་བུའི་མེ་ཏོག་ལྗོངས་གཟིགས་སྒང་སོགས་བསྐྲུན། དེ་དང་ཆབས་ཅིག་གྲོང་མི་ཚོས་ས་ཞིང་གྲོང་ཚོའི་མཉམ་སྡེབ་ལ་ནང་བཤུག་བཏང་ནས་གྲོང་ཚོས་གཅིག་གྱུར་ཐོག་གཉེར་སྐྱོང་དོ་དམ་བྱས། ལོ་ཤས་རིང་། ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་ཡུལ་སྐོར་བའང་དེ་བས་མང་དུ་ཕྱིན་ཁར། གྲོང་མིའི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན།
          “2021ལོར་ཀ་ལ་གྲོང་ཚོ་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་དགུ་པའི་ཚོགས་ར་གཙོ་བོར་གྱུར་ནས་སྤ་སེའི་ཡོང་འབབ་ཆེས་ཆེར་འཕར་ཏེ་སྒོར་ཁྲི་420ཟིན་ཡོད། ཉིན་ཤས་གོང་དུ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་བགོ་འགྲེམས་བརྒྱབ་པས་གྲོང་མི་ཚོ་ཧ་ཅང་དགའ་པོ་བྱུང་སོང”ཞེས་སྤེན་པས་བཤད།
          འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་གསར་སྤེལ་བྱས།
          ཤུག་སྡོང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་ཤིང་གི་རིགས་ཤིག་ཡིན་ལ། སྟོངས་ལ་ཁད་ཀྱི་ཤིང་རིགས་ཤིག་ཀྱང་རེད། མཛེས་ལྗོངས་ཁུལ་དུ་ཤུག་སྡོང་ཆེ་ཆུང་སྟོང་ལ་ཉེ་བ་ཡོད་པའི་ནང་ལོ་3200ལས་བརྒལ་བའི་འཛམ་གླིང་ཤུག་སྡོང་རྒྱལ་པོ་ཡོད།
          ཉེ་བའི་ལོ་ཤས་རིང་། ཀོང་ཏུང་བོད་སྐྱོར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཤུག་པའི་ནགས་ཚལ་དེ་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་དུ་གསར་སྤེལ་བྱས་པས། ལོ་ལྟར་ཡུལ་སྐོར་བ་མང་པོ་མ་གྲོས་གཅིག་མཐུན་ངང་འཛོམས་སའི་གནས་ཁྱད་པར་ཅན་དུ་གྱུར།
          “སྔོན་མ་ང་ཚོའི་འདི་གར་འཁྲུག་ཆ་དོད་པོ་འདི་འདྲ་མེད། མཛེས་ལྗོངས་ཁུལ་གསར་སྤེལ་མ་བྱས་གོང་དེ་གར་ལུང་སྟོང་ཡིན་པ་དང་ཡུལ་སྐོར་བའང་མང་པོ་མེད་ལ། རྩ་ཆེའི་ཤུག་སྡོང་དེ་དག་ལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་མེད”ཅེས་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་མྱོང་ཚོར་ཟབ་མོས་བརྗོད་བྱུང་།
          རྩ་ཆེའི་ཤུག་པ་དེ་དག་སྲུང་སྐྱོང་ཡག་པོ་བྱ་ཆེད། 2000ལོར་ཀོང་ཏུང་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་220བཏང་ནས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་བསྐྲུན། 2015ལོར་ཀོང་ཏུང་བོད་སྐྱོར་གྱིས་སླར་ཡང་མ་དངུལ་སྒོར་ཁྲི་1600བཏང་ནས་ཁྲོམ་བཀྱག་62བསྐྲུན་ཏེ་གཙོ་བོ་བྲག་ཕྱི་གྲོང་ཚོའི་གྲོང་མིར་ཡུལ་ཟོག་དང་། བཟོ་རྩལ་ཐོན་རྫས། ས་གནས་དེ་གའི་ཤིང་འབྲས་སོགས་འཚོང་དུ་བཅུག
          2018ལོའི་ཟླ་8པར་མཛེས་ལྗོངས་ཁུལ་ལས་གཉེར་ཚོད་ལྟ་བྱེད་འགོ་ཚུགས། བསྡོམས་རྩིས་བྱས་པར་གཞིགས་ན། མཛེས་ལྗོངས་ཁུལ་གྱིས་ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་10ཙམ་ལ་སྣེ་ལེན་ཞུས་པ་དང་ལོ་རེའི་སྒོ་འཛིན་ཡོང་འབབ་སྒོར་ཁྲི་200ཙམ་བྱུང་ཡོད།
          “མཛེས་ལྗོངས་ཁུལ་གྱིས་ང་ཚོར་རིན་མེད་ངང་ཁྲོམ་བཀྱག་མཁོ་འདོན་བྱས་པ་དང་། ཡོང་འབབ་ཀྱང་ང་ཚོ་རང་ཉིད་ལ་དབང་བ་དང་ལོ་གཅིག་ནང་ཤིང་འབྲས་ཁོ་ན་བཙོངས་པའི་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཙམ་ཡོང་གི་འདུག”ཅེས་མཛེས་ལྗོངས་ཁུལ་དུ་ཡུལ་ཟོག་འཚོང་མཁན་གྲོང་མི་གཡང་འཛོམས་ཀྱིས་དེ་ལྟར་བརྗོད།
          གཞན་ཡང་བྲག་ཕྱི་གྲོང་ཚོས་ད་དུང“ཡུལ་སྐོར་ཀུང་སི+མཉམ་ལས་ཁང+ཞིང་དུད”ཀྱི་འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་པ་དང་ལོ་ལྟར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་ཀྱི་40%གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་མིར་བགོ་འགྲེམས་བརྒྱབ་པས་གྲོང་མིའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན།
          སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་ལྗོངས་དེ་བས་མཛེས་པར་བྱས།
          ཉེ་བའི་ལོ་ཤས་རིང་། ས་ཆུ་ཤོར་ཆེ་བའི་རྐྱེན་གྱིས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་གྱི་ཤུག་སྡོང་ཆེན་པོའི་རྩ་བ་ས་ངོས་སུ་དོན་ནས་སྐམ་པའི་ཉེན་ཁ་ཇེ་ཆེར་སོང་། ད་དུང་ཤུག་སྡོང་གི་མདུན་དུ་ཡུལ་སྐོར་བས་གང་བྱུང་དུ་ལག་པ་འཆང་བ་དང་པར་རྒྱག་པ་སོགས་བྱས་པར་བརྟེན་ཤུག་སྡོང་སྐྱེ་འཚར་ཡག་པོ་ཡོང་བར་དེ་བས་འགོག་རྐྱེན་འཕྲད། དེས་ན། འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བྱ་རྒྱུ་དེ་དོར་ཐབས་མེད་པའི་ལས་འགན་ཞིག་ཏུ་གྱུར།
          འདི་ལོའི་ཟླ་9པར་ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཉིང་ཁྲིར་སྤེལ་རེས་འབྲེལ་མཐུད་བྱེད་སྐབས་ཀོང་ཏུང་གིས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་རིང་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་མཉམ་དུ་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་ལ་གཅེས་སྤྲས་ལྡབ་བརྒྱ་དང་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ཁ་གསལ་བཏོན། དེ་ནས་བཟུང་། ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་བྲག་ཡིབ་ཆུས་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཏུང་ཀོན་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི་3800བཏང་ནས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད་རྣམ་གྲངས་ལག་བསྟར་བྱས་པ་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་3སྐུལ་ཁྲིད་བྱས་ནས་A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་མཛེས་ལྗོངས་ཁུལ་དེ་ཉིད་ཡུལ་སྐོར་ལྟ་སྐོར་དང་། ཉམས་ལེན་འཐུ་བསྡུ། ལུས་གསོ་སྤྲོ་གསེང་བཅས་སུ་འཕེལ་རྒྱས་བཏང་ཡོད། རྣམ་གྲངས་བསྐྲུན་རྗེས་སྔོན་དཔག་བྱས་ན། ལོ་ལྟར་ས་གནས་དེ་གའི་ཞིང་འབྲོག་པར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཡོང་རྒྱུ་རེད།
          ཕྱོགས་ཡོངས་ནས་མཛེས་ལྗོངས་ཁུལ་གྱི་རང་བྱུང་མཛེས་ལྗོངས་ལེགས་སུ་གཏོང་ཆེད། ཀོང་ཏུང་བོད་སྐྱོར་གྱིས་མཛེས་ལྗོངས་ཁུལ་གྱི་ཆུ་བེད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་མཛེས་ལྗོངས་ཀྱི་ཆུ་བེད་ཇུས་འགོད་དང་འཛུགས་སྐྲུན་བྱས་ནས་མཛེས་ལྗོངས་ཁུལ་གྱི་གསོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། མཛེས་ལྗོངས་ཁུལ་དུ་མེ་ཟོན་ཆུ་རྫིང་བསྐྲུན་ནས་མཛེས་ལྗོངས་ཁུལ་གྱི་མེ་ཟོན་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། གླིང་ཁུལ་གྱི་འགྲོ་ལམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གླིང་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་དང་དེ་བཞིན་ལམ་སྟོན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གླིང་ཁུལ་གྱི་རྣམ་པ་མཛེས་སུ་གཏོང་དགོས་པ། གླིང་ཁུལ་གྱི་ལྗོངས་གཟིགས་སྒང་བསྐྲུན་ནས་དྲ་ཐོག་ཏུ་སྐད་གྲགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
          “ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ་དང་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་ནི་ཀོང་ཏུང་དང་བོད་ཀྱི་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཀྱང་ཡིན། ང་ཚོས་ལོ་དང་ལོ་བསྟུད་ནས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་བསྐྲུན་རྒྱུར་འབད་བརྩོན་བྱས་ཏེ། རང་བྱུང་ཤུལ་བཞག་གི་ལྗང་མདོག་མིང་བྱང་དེ་སྔར་བས་བཀྲག་མདངས་འཚེར་བ་བྱ་རྒྱུ་ཡིན”ཞེས་ཀོང་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་བྲག་ཡིབ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལུའུ་ཏ་མིང་གིས་བཤད།