ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ཐང་ག་ཆེ་གྲས་སྟེ་གྲུ་དམར་སྙིང་སྟོབས།

སྤེལ་དུས 2021-07-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          སྤྱི་ཟླ་7པའི་ཚེས་22ཉིན།  བོད་རིགས་ཀྱི་ཐང་གའི་(ཀརྨ་སྒར་བྲིས་ལུགས)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལེགས་སྨོན་གྱིས་ཀྲུང་གོ་མི་རིགས་རྟེན་མཛོད་བཤམས་མཛོད་ཁང་ལ་ཐང་ག་ཆེ་གྲས་སྟེ་གྲུ་དམར་སྙིང་སྟོབས་ཞེས་པ་དེ་ཏང་གི་ལོ་བརྒྱའི་འཁྲུངས་སྐར་གྱི་ཕྱག་བཏགས་ཚུལ་དུ་ཕུལ་བ་རེད། ཐང་ག་དེས་གྲུ་དམར་སྙིང་སྟོབས་ཞིབ་འབྲི་བྱས་པ་ནི་རྒྱལ་ཡོངས་སུ་ཐེངས་དང་པོ་ཡིན་པ་དང་། ལེགས་སྨོན་དང་ཁོང་གི་སློབ་མས་ཟླ་བ་9ལྷག་བཞེངས་ནས་ལེགས་གྲུབ་བྱས་པ་ཞིག་ཡིན་ཞིང་། བརྩམས་ཆོས་ཀྱི་ཞེང་ཚད་ལ་སྨི་1.7དང་མཐོ་ཚད་ལ་སྨི་1.2ཡོད་པ་རེད།

         ལེགས་སྨོན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ནས་ཡིན་པ་དང་། བོད་རིགས་ཀྱི་རི་མོ་མཁས་ཅན་ཞིག་ཡིན་ལ་རྒྱལ་ཁབ་རིམ་པའི་བོད་རིགས་ཀྱི་ཐང་གའི་ (ཀརྨ་སྒར་བྲིས་ལུགས) རྒྱུན་འཛིན་པ་ཞིག་ཀྱང་ཡིན། ཁོང་གིས་དེ་སྔ་ཐང་ག་ཆེ་གྲས་སྟེ་གླིང་སྒྲུང་གི་ཐང་ག་སྟོང་དང་པདྨ་འབྱུང་གནས་ཀྱི་ཐང་ག་སྟོང་སོགས་ཐང་ག་400ལྷག་ཙམ་བཞེངས་ཡོད། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས་སོགས་སུ་ལེགས་སྨོན་གྱི་བརྩམས་ཆོས་གང་སར་མཐོང་རྒྱུ་ཡོད། 
         ཤེས་རྟོགས་བྱས་པ་ལྟར་ན། གྲུ་དམར་སྙིང་སྟོབས་ཀྱི་ཐང་ག་དེ་གསར་བཞེངས་བྱེད་སྐབས་ནས་སྐད་གྲགས་ཆོད་ཡོད་ཅིང་། རྟེན་རྫས་བཤམས་མཛོད་ཁང་མང་པོ་ཞིག་གིས་ལེགས་སྨོན་དང་འབྲེལ་བ་བྱས་ནས་རིན་གོང་མཐོ་པོས་ཉར་ཚགས་བྱ་རྒྱུའི་རེ་བ་ཞུས་ཡོད་མོད། འོན་ཀྱང་ཁོང་གིས་ཚང་མར་ཁས་བླངས་མེད། ཐང་གའི་བརྩམས་ཆོས་དེས་གྲུ་དམར་སྙིང་སྟོབས་བརྒྱུད་སྤེལ་བྱེད་པ་མ་ཟད། ཁོང་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་བསམ་པ་ཡང་མཚོན་གྱི་ཡོད་པ་རེད། 

          གྲུ་གཟིངས་དམར་པོའི་སྙིང་སྟོབས་ནི་གསར་བརྗེའི་སྙིང་སྟོབས་ཀྱི་གྲས་ཤིག་ཡིན། དེ་ཡིས་གནམ་ས་འབྱེད་པ་དང་གཞན་གྱི་སྔོན་ལ་བྱེད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས་དང་། ཕུགས་བསམ་བརྟན་ཞིང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་འབད་འཐབ་ཀྱི་སྙིང་སྟོབས།  སྤྱི་དོན་དུ་ཏང་བཙུགས་པ་དང་དམངས་དོན་དུ་ལྷག་བསམ་རྣམ་དག་བྱེད་པའི་ལེགས་སྐྱེས་སྙིང་སྟོབས་བཅས་མཚོན་གྱི་ཡོད།
རྩོམ་སྒྲིག་པ། སྣང་རྡོར།