ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

▶སྐབས་བཞི་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་འཛུམ་གྱིས་བསུས།

སྤེལ་དུས 2021-09-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

སྤྲིན་དཀར་ཚོམ་བུ་རྒྱུ་བའི་ནམ་མཁའི་འོག །
སྟོན་གྱི་དཔལ་ཡོན་རྒྱས་པའི་བོད་ལྗོངས་མཛེས། །
ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ། །
ཨ་ཁུ་ཞིང་པའི་དགོད་སྒྲ་ལྷང་ལྷང་གྲགས། །


        དེ་རིང་ནི་སྐབས་བཞི་པའི “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཡིན་ཞིང་། ཟླ་དགུ་པའི་གངས་ལྗོངས་ས་མཐོར་སྟོན་གྱི་དུས་བཟང་ཤར་བས། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་སོ་ནམ་པ་རྣམས་ཀྱང་ཚ་ཚ་འུར་འུར་ངང་སྟོན་ལས་ལ་བྲེལ་བཞིན་ཡོད། 
        འཛིན་མའི་ཁྱོན་ལ་སེར་གྱི་གོས་བཟང་བཀླུབས་ཤིང་། སྟོན་རླུང་བསིལ་བསིལ་དང་འགྲོགས་ནས་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་རྒྱུད། ང་ཚོ་སྟོད་ལུང་བདེ་ཆེན་གྲོང་ཚོར་འབྱོར། ཞིང་ཐང་གི་གཡས་གཡོན་དུ་རླངས་འཁོར་ཆེ་ཆུང་དང་། གློག་སྒུལ་གྱི་འཕྲུལ་ཆས་སོགས་ཀྱིས་ཁེངས་ཤིང་། དེ་རྒྱུད་ཀྱི་ཞིང་པ་མང་ཚོགས་རྣམས་ཀྱང་བརྔ་བསྡུའི་ལས་ལ་བྲེལ་བཞིན་མཆིས། 

        བདེ་ཆེན་གྲོང་ཚོའི་གྲོང་མི་ཆུང་བདག་གིས“དེ་སྔོན་སྟོན་ལས་གཙོ་བོར་བྱས་པའི་ཞིང་ལས་མང་ཆེ་བ་ནི་ལག་གཉིས་ཁོ་ནར་བརྟེན་དགོས་ཀྱི་ཡོད་པ་དང་།  ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་རྒྱུའི་ཐབས་ཇུས་དང་།   ལྷག་དོན་དུ་སྟོད་ལུང་བདེ་ཆེན་ཆུས་དང་རིམ་ཁག་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག  ད་ཆ་ང་ཚོའི་གྲོང་ཚོར་ཆ་བཞག་ན་ཐེམ་གྲངས་ཚང་མར་སྒེར་གྱི་འདྲུད་འཐེན་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་ཡོད་པ་དང་། དེ་བཞིན་དེ་སྔོན་གྲོང་ཚོ་ནས་ཙུའུ་ཁག་སོ་སོར་མཉམ་སྤྱོད་ཀྱི་བརྔ་བསྡུའི་འཕྲུལ་འཁོར་གསུམ་སྤྲད་ཡོད་པའི་ཐོག་ད་ལོ་སླར་ཡང་གསར་པ་གཉིས་ཉོས་ནས་བགོ་འགྲེམ་བྱུང་བས།    ད་ཆ་གཡུལ་ལས་གཏོང་སྐབས་དཀའ་ལས་ཆེན་པོ་དེ་འདྲ་མེད་ལ།    བརྔ་བསྡུའི་འཕྲུལ་འཁོར་སྤྱད་པས་ལས་ཕྱོད་དེ་བས་ཆེ་རུ་ཕྱིན་པ་དང་། ཐོན་འབབ་མང་བ། སྟབས་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་འདུག”ཅེས་འཛུམ་མུལ་མུལ་ངང་ང་ཚོར་འདི་ལྟར་བཤད་བྱུང་།

        བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ལྗོངས་ཡོངས་སུ་ཞིང་ལས་འཕྲུལ་ཆས(ཆ་ཚང)ཁྲི་50.5ལས་བརྒལ་བ། སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་691.5ཟིན་པ་དང་ཞིང་ལས་སྐྱེ་དངོས་རྨོ་བསྡུ་བྱེད་སྟངས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་65%བར་མཐོ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་200.08གསར་སྦོལ་བྱས་པ་དང་། ལོ་རེར་ཆ་སྙོམས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་མུའུ་ཁྲི་200ཡན་ཁྱབ་གདལ་བཏང་བ། འབྲུ་རིགས་ཐོན་འབབ་ལོ་6བསྟུད་མར་ཏུན་ཁྲི་100ཡན་བརྟན་པོའི་ངང་ཟིན་ཡོད། 

        ད་ཆ་བོད་ལྗོངས་འདི་ཉིད་ཀྱང་སྤྱིའི་ཆ་ནས་རྒྱལ་ཡོངས་དང་འདྲ་བར་ཞིང་ལས་འཕྲུལ་ཆས་ཅན་མངོན་འགྱུར་བྱུང་བ་དང་།   ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་འཕེལ་རྒྱས་བཏང་བས།  དེ་སྔོན་དང་བསྡུར་ན་ཞིང་འབྲོག་ལས་ཀྱི་ཐོན་འབབ་ལྡབ་འཕར་བྱུང་བ་དང་། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་སོང་ཡོད་ལ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་དང་ཐོབ་སྣང་ཟམ་མི་ཆད་པར་གོང་མཐོར་ཕྱིན་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།