ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་ལོ་རྒྱུས་ཀྱི་མཚོན་དོན་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2021-10-13 ཡོང་ཁུངས། མཚོ་སྔོན་སྤྱི་ཚོགས་ཚན་རིག རྩོམ་པ་པོ། ཅོ་ནེ་ཡུམ་ཚེ་རིང་།
ནང་དོན་གནད་བསྡུས།  བོད་ཀྱི་གནའ་གཞུང་རྩོམ་རིག་གི་རྩོམ་པ་པོ་མང་ཆེ་བ་ནི་སེར་མོ་བ་ཡིན་ཞིང་།  ཁོང་ཚོའི་བརྩམས་ཆོས་དག་ལས་དག་སྣང་དང་ངེས་འབྱུང་སོགས་ནང་བསྟན་གྱི་བསམ་བློ་གཙོ་བོར་མཚོན་བཞིན་ཡོད་པས། བརྗོད་དོན་དངོས་ཡོད་འཚོ་བ་དང་ཐག་རིང་མོད།  བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ནི་དེ་ལས་ལྡོག་སྟེ་ཀྱག་ཀྱོག་དང་མི་མངོན་པའི་མཚོན་ཐབས་སྤྱད་པ་བརྒྱུད་།  ཟུར་མི་འདྲ་བའི་ངོས་ནས་དངོས་ཡོད་སྤྱི་ཚོགས་དང་རིག་གནས་ཁོར་ཡུག ཁྱད་པར་དུ་དུས་རིམ་མི་འདྲ་བའི་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་དོན་རྐྱེན་མཚོན་བཞིན་པས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པ་རེད།            
བརྡ་ཆད་གཙོ་བོ།  བོད་རིགས།  གནའ་གཞུང་རྩོམ་རིག   རབ་རྟོག་བརྩམས་སྒྲུང་།  ལོ་རྒྱུས་ཀྱི་དཔྱད་ཡིག
ཀྲུང་གོའི་དཔེ་དེབ་དབྱེ་རྟགས། 129
ཡིག་ཚང་མཚོན་རྟགས། A
རྩོམ་གྱི་གོ་རིམ་ཨང་སྒྲིག 2096-5788(2020))03-0145-14
         ནམ་རྒྱུན་“རྩོམ་རིག་གསར་རྩོམ་ནི་རྟོག་བཟོ་དང་དངོས་ཡོད་ཟུང་འབྲེལ་གྱི་སྒྱུ་རྩལ་རྣམ་བཞག་ཅིག་ཡིན་པས། བརྗོད་བྱའི་ཡུལ་ནི་བྱ་དངོས་ཀྱི་གཤིས་དང་ཉེ་གྱུར་ན་དོན་དངོས་ཡིན་དགོས་པའི་ངེས་པ་མེད”ཟེར་མོད། འོན་ཀྱང་མི་རིགས་གང་ཞིག་ཡིན་རུང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྩོམ་རིག་གི་རྣམ་པ་མི་འདྲ་བ་མང་པོ་བྱུང་ཡོད་ཅིང་། རྣམ་པ་མི་འདྲ་བ་ལས་བྱུང་བའི་རྩོམ་རིག་གི་བརྩམས་ཆོས་དེ་དག་ནི་སྐབས་དེའི་སྤྱི་ཚོགས་དང་དུས་རབས་ལ་ཞིབ་འཇུག་བྱེད་པའི་གལ་ཆེའི་དཔྱད་གཞིའི་རྒྱུ་ཆར་གྱུར་ཡོད།   ལོ་རྒྱུས་རིག་པ་བས་རྟག་པར་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་རྣམས་དངོས་རྫས་དང་།  ངག་བརྗོད།  ཡི་གེ་བཅས་རིགས་གསུམ་དུ་དབྱེ་བ་དང་།  དེའི་ནང་གི་དཔྱད་གཞིའི་ཡིག་རིགས་ནི་ལོ་རྒྱུས་མཁས་པས་རྒྱུན་དུ་སྤྱོད་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་རེད།  འབྲེལ་ཡོད་མཁས་པས་“དུས་སྐབས་རིམ་བྱུང་གི་མཁས་དབང་ཚོས་རྩོམ་རིག་བརྩམས་ཆོས་ཀྱི་དཔྱད་ཡིག་ལོ་རྒྱུས་རིག་པའི་ཞིབ་འཇུག་ནང་དྲངས་ཡོད།  ཁོང་ཚོའི་ཞིབ་འཇུག་ལས་སྙན་ངག་དང་ལྷུག་རྩོམ་ཡིན་ནའང་འདྲ།  ཡང་ན་ཟློས་གར་དང་བརྩམས་སྒྲུང་ཡིན་ནའང་འདྲ།  གནའ་བོའི་རྩོམ་རིག་བརྩམས་ཆོས་སྣ་ཚོགས་ཚང་མ་མི་རབས་ནས་མི་རབས་བར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སུ་བརྩི་ཆོག་གི་ཡོད། ”ཅེས་གསུངས་ཡོད་།  བོད་ཀྱི་གནའ་གཞུང་རྩོམ་རིག་གི་རྩོམ་པ་པོ་མང་ཆེ་བ་ནི་སེར་མོ་བ་ཡིན་ཞིང་།  ཁོང་ཚོའི་བརྩམས་ཆོས་དག་ལས་དག་སྣང་དང་ངེས་འབྱུང་སོགས་ནང་བསྟན་གྱི་བསམ་བློ་གཙོ་བོར་མཚོན་བཞིན་ཡོད་པས།  ཕྱི་ཚུལ་ནས་བལྟས་ན་འཕྲུལ་ཉམས་དང་གསང་བ་ལྐོག་གྱུར།  ངོ་མཚར་ལྡན་པ་ཞིག་ཡིན་མོད་།  གནའ་རབས་ཀྱི་ལོ་རྒྱུས་སྙན་ངག་གི་ངོ་བོ་ལྡན་པའི་བརྩམས་ཆོས་ལས་ཀྱང་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་དོན་རྐྱེན་ལ་དོ་སྣང་བྱེད་ཀྱི་མེད།  ལྟོས་བཅོས་སུ་བཤད་ན་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གིས་སྤྱིར་ཅུང་ཀྱག་ཀྱོག་དང་མི་མངོན་པའི་མཚོན་ཐབས་སྤྱད་ཡོད་མོད།  ཟུར་མི་འདྲ་བའི་ངོས་ནས་དངོས་ཡོད་སྤྱི་ཚོགས་དང་རིག་གནས་ཁོར་ཡུག།  ཁྱད་པར་དུ་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་དོན་རྐྱེན་མཚོན་བཞིན་པས་ན།  དཔྱད་རྩོམ་འདིས་མི་སྒེར་གྱི་ལས་དབང་དང་ལོ་རྒྱུས་ཀྱི་དོན་རྐྱེན་མཚོན་པའི་བརྩམས་ཆོས་ལ་ཞིབ་འཇུག་བྱས་པ་བརྒྱུད་།  བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་ལོ་རྒྱུས་ཀྱི་མཚོན་དོན་སྐོར་ལ་རགས་ཙམ་དཔྱད་པ་བྱའོ། 
         གཅིག
         རྩོམ་རིག་བརྩམས་ཆོས་ནི་རྩོམ་པ་པོས་ལྟ་ཞིབ་དང་བསམ་གཞིགས་བྱས་པ་བརྒྱུད།  ཉེ་འགྲམ་དུ་བྱུང་བའི་གཏམ་རྒྱུད་དང་འཚོ་བའི་ཉམས་མྱོང་སྒྱུ་རྩལ་ཅན་དུ་བསྒྱུར་བའི་འབྲས་བུ་ཞིག་སྟེ།  ཚད་ལྡན་དང་སྤུས་དག་གི་བརྩམས་ཆོས་ནི་འབྲས་བུ་དེ་མཚོན་ཚུལ་གྱི་རྣམ་པ་ཞིག་རེད།  ཡིན་ནའང་དེ་སྔའི་སུའུ་ལེན་རྒྱལ་ཁབ་ཀྱི་རྩོམ་པ་པོ་མ་ཁེ་ཞི་མུ་•ཀོར་ཅི(Maksim Gorky)ཡིས་《ན་གཞོན་རྩོམ་པ་པོར་སྤྲིངས་པའི་ཡི་གེ》ཞེས་པའི་ནང་དུ་“ཀློག་པ་པོས་རྩོམ་རིག་མཁས་ཅན་གྱིས་གསལ་པོར་བསྟན་པ་ཡོད་ཚད་མཐོང་ཐོས་སུ་གྱུར་ཤིང་།  རྩོམ་རིག་མཁས་ཅན་གྱིས་ཀྱང་ཀློག་པ་པོ་རང་ཉིད་ཀྱི་ཉམས་མྱོང་ལྟར་བག་ཆགས་དང་ཤེས་བྱའི་གསོག་འཇོག་ལ་བརྟེན་ནས་ཁོས་མཁོ་འདོན་བྱས་པའི་པར་ངོས་དང་།  གཟུགས་བརྙན།  ཉམས་འགྱུར།  གཤིས་ཀ་བཅས་ལ་འཆར་སྒོ་དང་འཐུས་ཚང་།  ཁ་སྣོན་བཅས་བྱས་ན་རྩོམ་རིག་བརྩམས་ཆོས་ཀྱིས་གཞི་ནས་ཀློག་པ་པོར་གང་ལ་གང་འཚམ་གྱི་ནུས་པ་ཆེན་པོ་འཐོན་གྱི་ཡོད”ཅེས་གསུངས་པ་ལྟར།  བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ཡང་རྩོམ་པ་པོས་མི་སྣ་གཙོ་བོའི་མི་ཚེའི་བརྒྱུད་རིམ་ཞིབ་འབྲི་བྱས་པ་བརྒྱུད་ནང་སེམས་ཀྱི་བརྩེ་དུང་གི་རྙོག་འཛིང་ལྡན ་པའི་བརྒྱུད་རིམ་དང་།  མི་སྣའི་ལོ་རྒྱུས་རྒྱབ་ལྗོངས་དང་ལས་དབང་གི་དོན་རྐྱེན་ཀྱག་ཀྱོག་ངང་མཚོན་པར་བྱས་ཡོད།  འོན་ཀྱང་མི་སྒེར་གྱི་ལས་དབང་ནི་རྟག་ཏུ་ལོ་རྒྱུས་ཀྱི་དོན་སྙིང་མཚོན་པའི་རྒྱུ་ཆ་ཡག་ཤོས་ཤིག་རེད།  དེའི་ཕྱིར་“རྩོམ་རིག་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་ཚུར་སྣང་བྱས་པ་ནི་སྤྱི་ཚོགས་ནང་གི་མི་སྣ་དང་དོན་རྐྱེན་རྣམས་ཇི་མ་ཇི་བཞིན་དུ་ཐོ་འགོད་བྱས་པ་ཞིག་མིན་པར།  སྤྱི་ཚོགས་ཀྱི་རྒྱུ་ཆ་འབོར་ཆེན་ལས་སྣོན་དང་བཙོ་སྦྱངས་བྱས་པའི་རྨང་གཞིའི་ཐོག་གཟུགས་བརྙན་སྣ་ཚོགས་བཞེངས་བསྐྲུན་བྱེད་པ་དང་དེ་བས་རིམ་པ་མཐོ་བའི་ཐོག་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པ་ཞིག་ཡིན་ཏེ།  རྩོམ་རིག་མཁས་ཅན་ཚོར་འཚོ་བའི་ཁྲོད་མངོན་སུམ་དང་ཚོར་སྣང་གི་རྒྱུ་ཆ་འབོར་ཆེན་ཐོབ་རྗེས་རྒྱུ་ཆ་དེ་དག་གསོན་ཉམས་དོད་པའི་གཟུགས་བརྙན་དུ་བསྐྲུན་ནས་ཞིབ་ཕྲ་དང་ཡིད་དགུགས་པའི་སྒོ་ནས་འཚོ་བ་དངོས་མཚོན་པར་བྱས་ཡོད”པས།  བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་མང་པོས་ཀྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དུས་རིམ་ཁྲོད་ཀྱི་དངོས་ཡོད་འཚོ་བ་མཚོན་ཡོད།  བརྩམས་སྒྲུང་《གཏམ་པདྨའི་ཚལ་གྱི་ཟློས་གར》ཀྱི་རྩོམ་པ་པོ་རྫ་དཔལ་སྤྲུལ་ནི་1808ལོར་ཁམས་རྫ་ཆུ་ཁར་སྐུ་འཁྲུངས།  ཁོང་སྐུ་ན་ཕྲ་དུས་ནས་རྣམ་རིག་གསལ་ཤིང་བློ་གྲོས་དང་ལྡན་པས།  ཆུང་དུས་ནས་ཡི་གེ་ཀློག་འབྲི་སོགས་ལ་སྦྱངས་བ་བྱས་པས་ཚེགས་མེད་དུ་མཁྱེན།  རྡོ་སྤྲུལ་སྐུ་ཕྲེང་དང་པོ་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས།  ཁོང་གིས་གུ་དོག་པའི་གྲུབ་མཐའི་ཕྱོགས་རིས་ཀྱི་ལྟ་ཚུལ་དོར་ནས་ནང་བསྟན་གྱི་གཞུང་དང་།  གླེང་གཞི།  གྲུབ་མཐའ་མི་འདྲ་བའི་བླ་སྤྲུལ་ཆེ་ཁག་རྣམས་ཀྱི་གསུང་རྩོམ་ཚང་མར་དགོངས་པ་རྒྱ་ཆེན་པོས་སློབ་གཉེར་མཛད།  རྫ་དཔལ་སྤྲུལ་ནི་རླབས་ཆེ་བའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་ཞིག་ཡིན་པའི་ངོས་ནས་ཁོས་ནམ་རྒྱུན་གང་ཟག་དཀྱུས་མའི་ཆ་ལུགས་ལྟར་འཚོ་བ་རོལ་ཤིང་།  གྱོན་ཆས་གོག་ཧྲུལ་གྱོན་ནས་སྤྲང་པོ་བཞིན་ཕྱོགས་བཞི་མཚམས་བརྒྱད་ལ་འཁྱམས་པ་དང་།  ཁོང་གིས་ད་དུང་རྒྱ་ཆེའི་མང་ཚོགས་ལ་དགེ་སྒྲུབ་སློབ་གསོ་བཏང་བ་མ་ཟད།  ཐ་ན་ཇག་པ་དང་རྔོན་པ་སོགས་ལ་ཡང་རྣམ་དཀར་གྱི་ལས་ལ་གཞོལ་པའི་གོ་སྐོན་སློབ་གསོ་བཏང་བས་ཁོ་ཚོས་སྡིང་སྤོང་དགེ་སྒྲུབ་ཀྱི་དཀར་བོའི་ལམ་རྙེད་ཡོད།  དེའི་ཕྱིར་གལ་ཏེ་ཁོང་ངོ་མི་ཤེས་པའི་མི་ཞིག་ཡིན་ན་ཁོང་ནི་ཟབ་ཡངས་ཤེས་བྱའི་ཆུ་གཏེར་ལྟ་བུའི་གྲུབ་ཆེན་ཞིག་ཡིན་པ་ཡིད་ལ་ག་ལ་ཤར།  རྩོམ་པ་པོའི་རྒྱུན་ལྡན་མ་ཡིན་པའི་མི་ཚེའི་བརྒྱུད་རིམ་ནི་བརྩམས་སྒྲུང་《གཏམ་པདྨའི་ཚལ་གྱི་ཟློས་གར》གྱི་འཚོ་བའི་རྨང་གཞི་ཡིན་ལ། མ་གཞི་“ཁོང་གིས་སློབ་ཕྲུག་ཚོར་གསུང་རབ་བཀའ་རྩོམ་དང་རིག་གནས་ཤེས་བྱ་མང་པོ་བསླབས་ཀྱང་སློབ་ཕྲུག་ཚོས་བཤུ་འབྲི་བྱས་རྗེས་ཕྱག་དཔེ་དང་ཉར་ཚགས་བྱ་རྒྱུར་བྲེལ་ནས་ཡོངས་བསྒྲགས་ངང་དཔེ་སྐྲུན་བྱེད་ཐུབ་ཀྱི་མེད།  ད་སྔ་ཤིང་དཔར་དུ་བརྡབས་པ་དང་ད་ཆ་དངོས་སུ་མཐོང་རྒྱུ་ཡོད་པ་ཡང་བམ་པོ་དྲུག་ཙམ་ལས་མེད་”མོད།  སྟབས་ལེགས་པ་ཞིག་ལ་《གཏམ་པདྨའི་ཚལ་གྱི་ཟློས་གར》ནི་བམ་པོ་དྲུག་པའི་ནང་བཅུག་སྟེ་ ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་འདི་རེད།  བརྩམས་སྒྲུང་《གཏམ་པདྨའི་ཚལ་གྱི་ཟློས་གར》ཞེས་པ་ནི་སྐྱོ་གར་གྱི་བརྩམས་སྒྲུང་ཞིག་ཡིན་ལ་དེའི་ནང་དུ་སྦྲང་མ་ཁྱོ་ཤུག་གཉིས་ཏེ་གསེར་སྦྲང་དང་གཡུ་སྦྲང་གཉིས་ཀྱི་འགྱུར་བ་མེད་པའི་བརྩེ་དུང་དང་ཕན་ཚུན་གསོན་བྲལ་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།  ཁོ་གཉིས་ཀྱིས་པདྨའི་ཚལ་ཞིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཅིང་།  མ་གཞི་ཁོ་གཉིས་ལ་དམ་པའི་ཆོས་ཉམས་སུ་ལེན་པའི་འདུན་པ་ཡོད་ཀྱང་ལག་ལེན་དུ་འཁྱོལ་ཐུབ་མེད།  ཉིན་ཞིག་གསེར་སྦྲང་དང་གཡུ་སྦྲང་གཉིས་ཀྱིས་པདྨའི་ཚལ་དུ་རྣམ་པར་གཡེང་བའི་སྐབས་སུ་གློ་བུར་དུ་ཆར་རླུང་དྲག་པོ་ཞིག་བྱུང་ནས་གཡུ་སྦྲང་གི་སྲོག་ཤོར།  སྡུག་བསྔལ་ཚད་མེད་མྱངས་པའི་གསེར་སྦྲང་ནི་བྲམ་ཟེ་ཁྱེའུ་པད་མའི་རྗེས་སུ་འབྲངས་ནས་དམ་པའི་ཆོས་སྒོར་ཞུགས།  བརྩམས་སྒྲུང་འདི་ཡི་བརྗོད་བྱའི་ཆ་ནས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ནང“བརྩམས་ཆོས་འདི་ཡི་བརྗོད་བྱའི་སྙིང་པ་ནི་གཡུ་སྦྲང་གི་མི་ཚེའི་ཆག་འཇིག་ལས་མི་ནི་རང་བྱུང་ཁམས་ཀྱི་མདུན་དུ་གཉོམ་ཆུང་བའི་སྣང་ཚུལ་མཚོན་ཡོད”ཅེས་གསུངས་པ་ལས་བརྩམས་ཆོས་འདི་ཡི་ཤུགགས་བསྟན་གྱི་སྐོར་བྲིས་མེད་མོད།  བརྩམས་སྒྲུང་དེ་ནི་མི་སྣ་དང་དོན་རྐྱེན་ངོ་མ་ལས་བྱུང་བ་ཞིག་རེད།  བསོད་ནམས་རྒྱ་མཚོས་ཁོང་གི་《གཏམ་པདྨའི་ཚལ་གྱི་ཟློས་གར་གྱི་དགོངས་དོན་ལ་དཔྱད་པ་སྐལ་ལྡན་དགྱེས་པའི་གཟིགས་མོ》ནང་“བྲམ་ཟེ་ཁྱེའུ་པདྨ་ནི་དོན་དམ་དུ་རྩོམ་པ་པོ་རང་ཉིད་ཡིན། གསེར་སྦྲང་ནི་གཟིམ་དཔོན་གྱི་བུ་བཀྲ་ཤིས་དགེ་ལེགས་དང་།  གཡུ་སྦྲང་ནི་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་རིག་འཛིན་སྒྲོལ་མ་ཡིན།  འཇོལ་མོ་ནི་ཆུ་ཁོག་དགོན་པའི་དབུ་མཛད་ཡིན”ཞེས་བྲིས་ཡོད།  མདོར་དྲིལ་ནས་བཤད་ན་རྩོམ་པ་པོས་བརྩམས་ཆོས་འདི་འབྲི་བའི་རྒྱབ་ལྗོངས་ངོ་མ་ནི་ཁོང་འདན་ཁོག་གི་པདྨ་ཤེལ་གྱི་བྲག་ཕུགས་ན་སྐུ་མཚམས་ལ་བཞུགས་དུས་སུ།  འདན་གཟིམ་དཔོན་གྱི་བུ་བཀྲ་ཤིས་དགེ་ལེགས་དང་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་ལོ་ཉེར་ལྔ་ལོན་པ་རིག་འཛིན་སྒྲོལ་མ་གཉིས་ཁྱིམ་ཐབ་བཟུང་ནས་ཅུང་མ་འགོར་བའི་སྐབས་དེར།  འདན་ཁོག་ལ་སོགས་ཡུལ་སྤྱི་ལ་ནད་ཡམས་སྐེ་སྐྲངས་བྱུང་སྟེ་འཇུ་ཚང་མགོན་པོ་དར་རྒྱས་ཀྱི་བུ་མོ་རིག་འཛིན་སྒྲོལ་མ་གཙོ་བྱས་པའི་མི་མང་པོ་ཚེ་ལས་འདས་པས།  གཟིམ་དཔོན་གྱིས་བུས་རང་གི་ཆུང་མའི་འདས་རྐྱེན་ལ་བརྟེན་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་དུ་རབ་དུ་བྱུང་།  རྩོམ་པ་པོས་ཁྱོ་ཤུག་དེ་གཉིས་ཀྱི་ལས་སྐལ་གཞིར་བྱས་ཏེ་རྟོག་བཟོའི་བརྩམས་སྒྲུང་འདི་བྲིས་པ་ཡིན་འདུག།  བརྩམས་སྒྲུང་འདིའི་ནང་རྩོམ་པ་པོས་ཉེ་འགྲམ་དུ་བྱུང་བའི་དངོས་ཡོད་ཀྱི་གཏམ་རྒྱུད་བརྗོད་བྱར་བྱས་ཤིང་།  ནང་དོན་ནི་ནང་བསྟན་གྱི་ངེས་འབྱུང་གི་དགོངས་པ་དྲིལ་བསྒྲགས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་མོད།  འོན་ཀྱང་བརྩམས་ཆོས་ཀྱི་རྒྱབ་ལོགས་སུ་སྐབས་དེའི་མི་སྒེར་གྱི་འཚོ་བ་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ལོ་རྒྱུས་ཀྱི་དཔྱད་གཞི་རྩ་ཆེན་མང་པོ་འདུས་ཡོད། 
         བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》ཀྱི་རྩོམ་པ་པོ་ནི་ར་ཧོར་འཇམ་དབྱངས་གྲུབ་པའི་དབང་བོ་ཡིན་ཞིང་།  ཁོང་ནི་མདོ་ཁམས་འབྲི་རྫ་ཟལ་མོ་སྒང་གི་སའི་ཆ་ཧོར་བྲག་མགོར་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་འབྲུག(1880)ལོར་སྐུ་བལྟམས།  མུ་ར་རྡོ་རྗེ་འཆང་གི་ཞབས་ལ་གཏུགས་ཏེ་གསང་སྔགས་རྙིང་མའི་མདོ་སྔགས་ཀྱི་གཞུང་ལ་མཁས་པར་སྦྱངས་ཤིང་ཉམས་དང་རྟོགས་པའི་རྩལ་རྫོགས།  བྲག་དཀར་སྤྲུལ་སྐུའི་མདུན་ནས་རི་བོ་དགེ་ལུགས་པའི་གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས།  ཐུན་མོང་རིག་གནས་ཀྱི་སྐོར་མཐའ་དག་རྫོགས་པར་གསན།  དམ་པ་འདིས་གཞི་གསུམ་གྱི་ཕྱག་བཞེས་གཙོ་བོར་བཟུང་ནས་དམ་ཆོས་འདུལ་བའི་བཅས་ཁྲིམས་ལྟར་འདུས་སྡེ་ཡོངས་ལ་དག་ཐེར་ལན་མང་གནང་ནས་རྒྱལ་བའི་བསྟན་པ་དཀར་འཇམ་ཡུག་གཅིག་ཏུ་བདལ།  བསྟན་པ་ཐམས་ཅད་འགལ་མེད་དུ་གཟིགས་ནས་གསར་རྙིང་རིས་སུ་མ་ཕྱེ་བར་དགོན་གཞུང་རྙིང་ལུགས་ལྟར་བཟུང་ལ་ཆོས་གྲྭའི་འཆད་ཉན་རྣམས་རི་བོ་དགེ་ལྡན་པ་ལྟར་ཟུང་འཇུག་ཏུ་མཛད།  བརྩམས་སྒྲུང་འདི་ནི་ལོ་རབས་80པར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུས་ཀྱིས་ནང་ཁུལ་གྱི་དཔྱད་གཞིའི་ཡིག་རིགས་ཐོག་ནས་པར་བརྒྱབ་ཅིང་།  རྩོམ་སྒྲིག་པ་ཡེ་ཤེས་དར་རྒྱས་ཀྱིས་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་ནང“《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》ཅེས་པ་ནི་དཀར་མཛེས་ཁུལ་རྩོམ་སྒྱུར་ཅུས་ཀྱི་འགོ་ཁྲིད་བློ་མཐུན་བསོད་ནམས་དར་རྒྱས་དང་དཀོན་མཆོག་བསྟན་འཛིན་གཉིས་ཀྱིས་དཔེ་སྐྲུན་གྱི་འགན་འཁུར་བ་དང་བླ་མ་རྡོ་རྗེ་རྒྱལ་མཚན་གྱིས་མ་པར་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ”ཅེས་བྲིས་ཡོད།  དེ་ལས་ང་ཚོས་ཤེས་ཐུབ་པ་ནི་བརྩམས་སྒྲུང་འདི་སྔར་ནས་ལག་བྲིས་སམ་ཡང་ན་ཤིང་དཔར་གྱི་རྣམ་པའི་ཐོག་ནས་དམངས་ཁྲོད་དུ་ཁྱབ་ཡོད་མོད།  ཕངས་པ་ཞིག་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ར་ཧོར་འཇམ་དབྱངས་གྲུབ་པའི་དབང་བོའི་གསུང་འབུམ》ནང་བརྩམས་སྒྲུང་འདི་བསྡུས་མེད་པས་དེའི་ཐོག་ནས་གསུང་འབུམ་ཀྱི་རྩོམ་སྒྲིག་པས་རྩོམ་པ་པོའི་བརྩམས་སྒྲུང་འདིར་མཐོང་ཆེན་བྱས་མེད་པ་ཤེས་ཐུབ། 
《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》གྱི་ནང་དོན་ནི་མིང་ལ་ཤུགས་འཆང་མ་དང་སྤོབས་པ་བརྟན་ཟེར་བའི་འཇོལ་མོ་ཕོ་མོ་གཉིས་ཡོད་པ་ལས་སྤོབས་པ་བརྟན་བྱི་ལ་ཡིས་བསད་པས།  ཤུགས་འཆང་མར་སྡུག་བསྔལ་བཟོད་གླགས་མེད་པར་བྱུང་སྟེ་མཐར་བློ་གྲོས་དགའ་བའི་དཔའ་ཡི་སློབ་སྟོན་ལྟར་དམ་པའི་ཆོས་སྒོར་ཞུགས་ཚུལ་བྲིས་ཡོད་།  དེབ་ཀྱི་འགོ་བརྗོད་ནང་དུ་དེ་ནི་ “སྦྱིན་བདག་ཨ་འཛི་གྲགས་པ་དོན་ལྡན་དང་།  མཛེས་མ་བྱང་ཆུབ་ལྷ་མོ་བྱ་བ་གཉིས་ཁྱོ་ཤུག་ཏུ་གྱུར་སྟེ་ཕན་ཚུན་ཡིད་གཅུགས་ཤིང་སེམས་འཁྲེང་བའི་ངང་ཕུན་སུམ་ཚོགས་པའི་འདོད་ཡོན་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྐབས་ཉིད་ན།  མཛེས་མ་བྱང་ཆུབ་ལྷ་མོ་དེ་ནི་ནད་དྲག་པོས་ཟིན་ཅིང་ཤི་མིག་གསོན་ལ་རེ་བའི་ངང་ཁྱོ་བོ་ལ་ཁ་ཆེམས་བཞག་པ་ལྟར་དུ་གྲགས་པ་དོན་ལྡན་གྱིས་ཚེ་གང་རིང་བཟའ་ཟླ་དང་ཆུང་མ་མ་བླངས་པར་མཆོག་སྤྲུལ་རིན་པོ་ཆེའི་རྗེས་སུ་འབྲངས་ནས་ཆོས་སྒྲུབ་པ་དང་།  རྩོམ་པ་པོས་ནང་དོན་དེར་གཞིགས་ནས་བྲིས་པ་ཞིག་རེད། ” ཅེས་བྲིས་ཡོད་པ་དང་།  རྩོམ་སྒྲིག་པས་དེབ་དེའི་མཇུག་ཏུ་བརྩམས་སྒྲུང་དེ་ནི་དགེ་འདུན་པ་རྒན་གྲས་ཀྱིས་བཤད་པའི་གཏམ་རྒྱུད་དཔེ་རུ་བཤུས་པ་ལས་རྩོམ་པ་པོའི་མིང་བཀོད་མེད་པ་དང་།  སྲོག་ཆགས་ལ་སྦྱར་ནས་གབ་སྟོན་བྱས་པ་ཡང་སྐབས་དེ་དུས་ཀྱི་དགོས་མཁོའི་དབང་གིས་ཡིན་པ་གསལ་བཤད་བྱས་ཡོད།  ར་ཧོར་འཇམ་དབྱངས་གྲུབ་པའི་དབང་བོ་ཡི་རྣམ་ཐར་ལ་བལྟས་ན་ཁོང་དང་རྫ་དཔལ་སྤྲུལ་གཉིས་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་ཅིང་། 《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》གྱི་འབྲི་སྟངས་དང་ཚིག་སྦྱོར་སྤེལ་སྟངས་སོགས་ཀྱི་ཐད་ནས་《གཏམ་པདྨའི་ཚལ་གྱི་ཟློས་གར》གཉིས་འདྲ་ས་མང་པོ་ཡོད་པས།  དེ་ལས《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》ལ་《གཏམ་པདྨའི་ཚལ་གྱི་ཟློས་གར》གྱི་ཤན་ཞུགས་ཐེབས་ཡོད་པ་ཤེས་ཐུབ། 《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》ནི་ཚིག་ཐུང་ཞིང་གོ་སླ་བ།  འགྲེལ་ཆགས་ཤིང་བརྗོད་བདེ་བ།  སྡེབ་ལེགས་ཤིང་སྙན་པ།  བཀླགས་ཙམ་ཉིད་ནས་ཡིད་དབང་མེད་དུ་འགུགས་པ་སོགས་དགེ་མཚན་དུ་མ་མངོན་པར་གསལ་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པ་མ་ཟད།  སྐབས་དེའི་མི་སྒེར་དང་སྤྱི་ཚོགས་ཀྱི་ཟུར་ངོས་མི་འདྲ་བ་མཚོན་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ཀྱང་རེད། 
         མེ་ལི་རྒྱལ་ཁབ་ཀྱི་རྩོམ་པ་པོ་ཐུའོ་མ་སི་•ཨོར་ཧྥུས་(Thomas•Woife)ཀྱིས་《བརྩམས་སྒྲུང་ཞིག་གི་གཏམ་རྒྱུད》ཅེས་པ་རུ་།  “གཟབ་ནན་གྱི་བརྩམས་ཆོས་དག་མཐར་གཏུགས་ནས་བཤད་ན་རང་རྣམ་གྱི་ངོ་བོ་ལྡན་པ་ཞིག་ཡིན་པ་མ་ཟད།  མི་ཞིག་གིས་གལ་སྲིད་དོན་དངོས་རང་བཞིན་གྱི་རིན་ཐང་ལྡན་པའི་བརྩམས་ཆོས་ཞིག་གསར་གཞེངས་བྱེད་འདོད་ན།  ཁོས་ངེས་པར་དུ་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་རྒྱུ་ཆ་དང་ཉམས་མྱོང་བེད་སྤྱོད་བྱ་དགོས། ” ཅེས་གསུངས་པ་ལྟར།  བརྩམས་སྒྲུང་མཁས་ཅན་མང་པོ་ལ་ཡང་དེ་མཚུངས་ཀྱི་ལྟ་བ་ཡོད་ལ་ཁོ་ཚོས་བརྩམས་ཆོས་ཀྱི་མངོན་ལྐོག་གཉིས་ན་རང་ཉིད་ཀྱི་མི་ཚེའི་བྱུང་བ་མཚོན་བཞིན་ཡོད། 《གཡག་ལུག་ར་ཕག་གི་གཏམ་རྒྱུད་སྒྱུ་མའི་གླུ་དབྱངས》ཀྱང་བརྩམས་ཆོས་དེའི་རིགས་སུ་གཏོགས།  བརྩམས་སྒྲུང་འདི་ཡི་རྩོམ་པ་པོ་ཡི་ཐད་ནས་《བོད་ཀྱི་རྩོམ་རིག་ལོ་རྒྱུས》སུ་ “རྩོམ་པ་པོ་དཀོན་མཆོག་རྒྱ་མཚོ(1791—1858)ནི་ཀན་སུའུ་བསང་ཆུའི་ཉེ་འགྲམ་རྩེ་གཞུང་མཚོ་རྒན་ས་ཆའི་མི་ཡིན།  དགོང་ལོ་ལྔ་པ་ལ་བླ་བྲང་དགོན་པ་ནས་རབ་དུ་བྱུང་།  གདན་ས་དེ་ཉིད་ཀྱི་ཁྲི་རབས་ཞེ་གཅིག་པའི་འགན་བཞེས”ཞེས་བྲིས་ཡོད་མོད།  སྨན་རམས་པ་དཀོན་མཆོག་རིན་ཆེན་གྱིས་དེ་ལ་ཆེད་དུ་དགག་རྩོམ་བྲིས་ཏེ་“རྩོམ་པ་པོ་ནི་མཛོད་དགེ་སྟོད་མའི་ཆར་ལྡོང་གི་རིགས་ལས་ཡབ་ཨ་ཐར་དང་ཡུམ་སུམ་གཟའ་གཉིས་ཀྱི་སྲས་སུ་རང་བྱུང་བཅུ་བཞི་བའི་དཀྱིལ་སྨད་ཙམ་ལ་སྐུ་འཁྲུངས་།  ཆུང་དུས་ནས་སྟག་ཚ་བཀྲ་ཤིས་ཆོས་བཟང་གླིང་དུ་ཚོགས་བཞུགས་མཛད་། ”ཅེས་མི་འཐད་པའི་རྣམ་འགྱུར་བསྟན་ཡོད།  གང་ལྟར་བརྩམས་སྒྲུང་གི་འགོ་ལ“དེ་ཡང་རྒྱ་བོད་ཧོར་གསུམ་གྱི་ལྟེ་བ། རོང་འབྲོག་གླིང་གསུམ་གྱི་གཞི་མདོ།  མི་རིགས་རྣམ་བཞི་རྒྱུ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན་ཨ་ཕོ་ཉི་མ་མགོན་ཟེར་བའི་ཁྱིམ་བདག་ཕྱུག་པོ་ཞིག་ཡོད་པ་དེ་ལ་རྟ་ནོར་ལུག་ར་ཕག་སོགས་སྒོ་ཕྱུགས་ཀྱང་གཞན་ལས་ཆེས་མང་པོ་ཞིག་ཡོད་པའི་ཁྱུ་ན།  གཡག་འབྲོང་ཚ་རོག་པོ།  ལུག་གཡང་དཀར་འབའ་འབའ།  རྭ་ཙེ་རེ་སོག་དཀར། ཕག་ལོ་ལོ་ཅྭོ་ཟེར་བ་རྣམས་ཤིན་ཏུ་ཚོ་བ་རེ་ཡོད། ”ཅེས་བྲིས་ཡོད་པས།  དེ་ལས་རྩོམ་པ་པོ་བཞུགས་སའི་འཚོ་བའི་ཁོར་ཡུག་བསྟན་ཡོད་པའི་དབང་དུ་བཏང་ན། རྒྱུས་ལོན་བྱུང་བ་ལྟར་ན་སྐབས་དེའི་སྟག་ཚ་བཀྲ་ཤིས་ཆོས་བཟང་གླིང་ཆགས་སའི་ཡུལ་དེ་ནི་“རྒྱ་བོད་ཧོར་གསུམ་གྱི་ལྟེ་བ།  རོང་འབྲོག་གླིང་གསུམ་གྱི་གཞི་མདོ”ཞིག་ཏུ་གྱུར་མེད་པས།  བླ་བྲང་དགོན་པ་ནི་རོང་མ་འབྲོག་དང་མི་རིགས་མང་པོ་འདྲེས་སྡོད་བྱེད་པའི་གྲོང་བརྡལ་ཆུང་ངུ་ཞིག་ཏུ་གནས་ཡོད་པས་དེ་ལས་བརྩམས་སྒྲུང་འདི་ཡི་རྩོམ་པ་པོ་དཀོན་མཆོག་རྒྱལ་མཚོ་ནི་བླ་བྲང་དགོན་པའི་ཁྲི་རབས་ཞེ་གཅིག་གི་འགན་བཞེས་པའི་ཁྲི་ཆེན་དཀོན་མཆོག་རྒྱ་མཚོ་ཨེ་ཡིན་འདོད་པ་འདྲ་ཞིག་ཡིན་རུང་།  ཡིན་ནམ་ཡང་སྟག་ཚ་བཀྲ་ཤིས་ཆོས་བཟང་གླིང་ནི་བླ་བྲང་དགོན་པའི་བུ་དགོན་ཡིན་པའི་ཆ་ན་དགེ་བཤེས་དཀོན་མཆོག་རྒྱ་མཚོ་བླ་བྲང་ལ་སོང་ནས་སློབ་གཉེར་བྱེད་མྱོང་བས་སྨན་རམས་པ་དཀོན་མཆོག་རིན་ཆེན་གྱིས་ལུང་དང་རིགས་པས་བསྒྲུབས་པ་ལྟར་བརྩམས་སྒྲུང་འདི་ཡི་རྩོམ་པ་པོ་ནི་སྟག་ཚ་བཀྲ་ཤིས་ཆོས་བཟང་གླིང་གི་དགེ་བཤེས་དཀོན་མཆོག་རྒྱལ་མཚོ་ཡིན་པའི་ངེས་པ་ཤིན་ཏུ་ཆེའོ། 
         བརྩམས་སྒྲུང་《གཡག་ལུག་ར་ཕག་གི་གཏམ་རྒྱུད་སྒྱུ་མའི་གླུ་དབྱངས》ཀྱི་རྩོམ་པ་པོ་དཀོན་མཆོག་རྒྱལ་མཚོ་ཚེ་མཇུག་ཏུ་རི་ཁྲོད་འགྲིམས་ཏེ་སྒོམ་སྒྲུབ་གནང་མྱོང་རུང་མི་ཚང་དུ་ཨ་མཆོད་དུ་ཕེབས་མྱོང་མིན་དང་།  ཨ་མཆོད་ལ་འཛིན་པའི་ལྟ་ཚུལ་ཐད་ནས་《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་སྨན་རམས་པ་དཀོན་མཆོག་རིན་ཆེན་གྱི་ལྟ་བ་མི་མཐུན་མོད།  བརྩམས་སྒྲུང་ནང་གི་རྩོམ་པ་པོའི་མ་གཟུགས་ནི་སྦྱིན་བདག་གི་ལག་ནས་སེམས་ཅན་གཡག་ལུག་རྭ་ཕག་གི་སྲོག་བབླུ་བའི་ཆེད་སྔགས་པ་བདུད་འདུལ་རྡོ་རྗེ་དང་རྩོད་གླེང་དྲག་པོ་བྱེད་པའི་དྲང་སྲོང་ཆེན་པོ་ཐར་བའི་རྒྱལ་མཚན་ཟེར་བ་དེ་ཡིན་སྲིད།  བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པས་སེར་མོ་བ་རྣམས་ཀྱིས་གཞུང་བཀའ་པོད་ལྔ་སོགས་ནང་བའི་རིག་པའི་གཞུང་ལུགས་དང་གཙུག་ལག་རིག་གནས་ལ་ཐོས་བ་རྒྱ་ཆེར་མཛད་པ་ལས།  གྲོང་བའི་ཁྱིམ་དུ་ཕེགས་ནས་ཨ་མཆོད་ཀྱི་ལས་ཁོ་ན་གཉེར་བ་གཙིགས་སུ་མི་འཛིན་ལ་ཐ་ན་མཐོང་ཆུང་གི་རྣམ་འགྱུར་ཡོད་པས།  རྩོམ་པ་པོས་བརྩམས་ཆོས་ཁྲོད་མི་སྣ་བེད་སྤྱད་ནས་དུས་རྒྱུན་རི་གྲོང་འགྲིམ་པའི་ཨ་མཆོད་དང་སྔགས་པ་དཀོར་བཟའ་རྣམས་ལ་ཟུར་ཟ་དང་སུན་འབྱིན་བྱས་ཡོད་ལ། བསྟན་པའི་སྦྱིན་བདག་གི་མིང་ཐོག་ནས་ཉེས་མེད་སེམས་ཅན་གྱི་སྲོག་ལེན་པའི་ཨ་ཕོ་ཉི་མ་མགོན་གཙོས་བྱེད་པའི་ཁྱིམ་བདག་ཕྱུག་པོ་སྙིང་རྗེ་མེད་པ་རྣམས་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་པ་བརྒྱུད་ནས། འཁོས་ཆུང་དང་དབུལ་ཕོངས་སུ་གྱུར་བའི་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ཉམ་ཐག་པའི་འཚོ་བར་གདུང་སེམས་བཅངས་པ་མཚོན་ཡོད།  བརྩམས་སྒྲུང་ཁྲོད་ཀྱི་གཡག་ལུག་ར་ཕག་སོགས་དུད་འགྲོ་རྣམས་ཀྱི་སྐྱོ་གར་ནི་ཁོ་ཚོའི་འཚོ་བ་དངོས་ཀྱི་མཚོན་བྱེད་རེད།  བརྩམས་སྒྲུང་དེའི་རྩོམ་པ་པོས་རབ་རྟོག་གི་བརྩམས་ཆོས་གཞན་པའི་རྩོམ་པ་པོ་ནང་བཞིན་ཚིག་བཅད་ཀྱི་རྐང་བ་དོ་མཉམ་མིན་གྱི་བླང་བྱ་དང་ཕྱི་མཛེས་ནང་སྟོང་གི་ཚིག་གི་སྦྱོར་བ་གཅིག་པུ་ལ་གཞོལ་བ་མ་ཡིན་པར།  གོ་བདེ་ཤེས་སླའི་སྐད་ཆ་ལས་ཐད་ཀར་མཚོན་པ་ཞིག་ཡིན་པས།  ཀློག་པ་པོ་རྣམས་ཀྱིས་བརྩམས་ཆོས་འདི་ཀློག་པའི་སྐབས་སུ་རང་ཉིད་ཡུལ་དངོས་སུ་སླེབས་པ་ལྟ་བུའི་ཚོར་སྣང་ངོ་མ་ཞིག་འབྱུང་བ་སྟེ།  གཡག་ལུག་ར་ཕག་གིས་སྙིང་རྗེ་མེད་པའི་ཤན་པ་དང་ཁོའི་ལག་གི་བཤས་གྲི་མཐོང་དུས་སྡུག་བསྔལ་དང་།  འཇིགས་སྐྲག ཡིད་ཆད་བཅས་ཀྱི་སེམས་ཁམས་ཅི་ལྟ་བུ་ཡིན་པ་ཀློག་པ་པོས་ཀྱང་མྱོང་ཞིང་ཚོར་ཐུབ་པས།  བརྩམས་སྒྲུང་གི་བསམ་པའི་འཁྱེར་སོ་ཟབ་ཏུ་སོང་བ་དང་།  སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་སོང་ཡོད། 
         ཨ•མོ་ལོ་ཝེ་ཡཱ་(A•Moravan)ཡིས“བརྩམས་སྒྲུང་རྩོམ་པ་པོས་བརྩམས་ཆོས་འབྲི་དུས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་པ་ལས་རིག་གནས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ཁྲོད་ནས་བརྗོད་གཞི་གདམ་གསེས་བྱེད་མི་རུང་། ”ཅེས་གསུངས་བ་ལྟར།  《གཏམ་པདྨའི་ཚལ་གྱི་ཟློས་གར》དང་《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》《གཡག་ལུག་ར་ཕག་གི་གཏམ་རྒྱུད་སྒྱུ་མའི་གླུ་དབྱངས་》སོགས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དུ་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་ཆོས་ལུགས་ཀྱི་ནང་དོན་མཚོན་པ་མ་ཟད།  ད་དུང་རྩོམ་པ་པོ་དང་དེ་བཞིན་རྩོམ་པ་པོའི་ཉེ་འགྲམ་གྱི་གཏམ་རྒྱུད་ངོ་མ་ཡང་མཚོན་གྱི་ཡོད།  དེར་བརྟེན་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གིས་རྟོག་བཟོའི་གྲུབ་ཆ་དང་སྒྱུ་རྩལ་ཞུན་བརྡར་ལ་བསམ་གཞིག་བྱས་ཡོད་མོད། དེའི་ཤུགས་བསྟན་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ལ་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་པས་དེ་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། །                                              
         གཉིས། 
         བོད་ཀྱི་སྲོལ་རྒྱུན་རང་རྟོག་བརྩམས་སྒྲུང་ལ་ལོ་རྒྱུས་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་ཅིང་།  དེའི་ནང་མི་སྒེར་གྱི་བྱུང་བ་དང་ལས་དབང་མཚོན་པའི་བརྩམས་ཆོས་ཡོད་པ་མ་ཟད།  ད་དུང་སྤྱི་ཚོགས་ཀྱི་ལོ་རྒྱུས་དོན་རྐྱེན་སོགས་ཀྱི་ནང་དོན་མཚོན་པའི་བརྩམས་སྒྲུང་ཡང་ཡོད།  ལིའང་ཆི་ཁྲའོ་ཡིས་“ངེས་པར་དུ་ཤེས་དགོས་པ་ནི་བརྩམས་སྒྲུང་འབྲི་མཁན་རྣམས་ཀྱི་བསམ་གཞིགས་ཀྱི་བམ་རིམ་ཅི་འདྲི་ཞིག་ལ་སླེབས་ཀྱང་།  བརྗོད་བྱའི་ནང་དོན་དངོས་འབྲི་དུས་དེ་དག་གནས་སའི་ཁོར་ཡུག་དང་ཁ་འབྲལ་མི་སྲིད་པས།  ངང་ངམ་ཤུགས་ཀྱིས་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཆ་ཤས་ཤིག་བྲིས་པ་ན་དེ་ནི་རྗེས་རབས་ལོ་རྒྱུས་མཁས་པ་རྣམས་ཀྱི་དཔྱད་གཞིའི་རྒྱུ་ཆ་རུ་རང་ཤུགས་སུ་འགྱུར་ངེས། ” ཞེས་གསུངས་པ་ལྟར།  བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་རྩོམ་པ་པོ་རྣམས་ནི་སྐབས་དེའི་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་མཁས་པ་ཡིན་པས་ཁོང་ཚོས་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དེ་དག་འབྲི་སྐབས་ཐད་ཀར་རམ་བརྒྱུད་པའི་ལམ་ནས་སྐབས་དེར་བྱུང་པའི་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོ་ཞིག་མཚོན་གྱི་ཡོད།  དཔེར་ན།  འབྲོང་རྩེ་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་ཀྱི་《རྫ་ཙིག་གཏམ་རྒྱུད》ཅེས་པ་ནི་ཟུར་ཟའི་བརྩམས་སྒྲུང་གི་དཔེ་མཚོན་ཞིག་ཡིན་མོད།  འོན་ཀྱང་གསར་རྩོམ་གྱི་རྒྱབ་ལྗོངས་དང་ནང་དོན་ལ་བལྟས་ཚེ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཕུན་སུམ་ཚོགས་པ་ལྡན་ནོ།  དུས་རབས་18པའི་བོད་ལྗོངས་ཀྱི་ལོ་རྒྱུས་ལ་བལྟས་ན།  ཕྱི་རུ་ཡོད་ཚད་ལྷིང་འཇགས་ཡིན་མོད།  འོན་ཀྱང་དོན་དམ་པར་སྤྱི་ཚོགས་ཀྱི་ཟ་དང་ཟུར་ན་འཕོ་འགྱུར་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད།  ས་བྱི་ལོའི་(1780)བོད་ཟླ་11ཚེས་2ཉིན་གྱི་ཕྱི་དྲོར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ལ་ལྷ་འབྲུམ་གྱི་སྙུང་གཞི་བྱུང་བས་སྨན་བཅོས་བྱས་ཀྱང་མ་ཕན་པར་པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་དུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ་42རེད།  ཁོང་ས་ཆ་གཞན་དུ་སྐུ་གཤེགས་པ་དེས་བོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་དང་ཆོས་ལུགས་ཀྱི་གནས་བབབ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སྲིད་པ་ནི་སྨྲོས་མེད་རེད།  མ་འགྱངས་བར་ཁོང་གི་ཡང་སྤྲུལ་བཙལ་ཟིན་མོད།  འོན་ཀྱང་སྐབས་དེ་དུས་བོད་ལ་གོར་ཁས་བཙན་འཛུལ་བྱས་ཤིང་སྡེ་པ་གཞུང་ལ་འགོག་རྒོལ་གྱི་ནུས་པ་མེད་པར་བརྟེན།  མན་ཛི་གོང་མས་འཕྲལ་དུ་བོད་དུ་དམག་བཏང་ནས་གོར་ཁའི་བཙན་འཛུལ་པ་བཀག་འགོག་བྱས།  དོ་སྣང་བྱེད་དགོས་པ་ཞིག་ནི་གོར་ཁས་བཙན་འཛུལ་བྱེད་སྐབས་གཙང་གི་བཀྲས་ཤིས་ལྷུན་པོ་དགོན་པ་ལ་གཏོར་བཤིག་ཚབས་ཆེན་བཏང་བར་མ་ཟད།  ཁོངས་གཏོགས་མི་སེར་ལ་གདུག་རྩུབ་ཆེ་བའི་དྲག་གནོན་བྱས་ཡོད།  རྩོམ་པ་པོ་བློ་བཟང་ཚུལ་ཁྲིམས་གྱི་མི་ཚེའི་བརྒྱུད་རིམ་ནི་སྐབས་དེའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་འབྲེལ་བ་ངེས་ཅན་ཞིག་ཡོད།  ཁོང་སྐུ་ན་ཕྲ་དུས་ནས་བཀྲ་ཤིས་ལྷུན་པོ་ནས་རབ་དུ་བྱུང་སྟེ་འབྲོང་རྩེ་ཁང་ཚན་དུ་བཞུགས་ཤིང་།  པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་དམ་པ་གང་ཉིད་ཀྱི་ཐུགས་སྲས་སུ་གྱུར།  སྣེ་མང་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་དེ་འདྲའི་འོག་ཏུ་སུ་ཞིག་གིས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ཡི་ཡོངས་འཛིན་གྱི་འགན་འཁུར་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་དོན་དག་ཅིག་ཡིན་པ་དང་།  མཐར་འགན་འཁྲི་དེ་བློ་བཟང་ཚུལ་ཁྲིམས་ཀྱི་ཕྲག་ཏུ་བབས་པར་བརྟེན་ཁོང་ལ་ཡོངས་འཛིན་འབྲོང་རྩེ་ཚང་བློ་བཟང་ཚུལ་ཁྲིམས་ཞེས་ཀྱང་འབོད།  ཁོང་ནི་སྤྱོད་ལམ་བཟང་བ་དང་ཤེས་རྒྱ་ཆེ་བའི་སྐྱེས་བུ་དམ་པ་ཞིག་ཡིན་པ་མ་ཟད།  མིག་རྒྱང་རིང་ཞིང་ཕུགས་འདུན་ཆེ་བའི་ཡོངས་འཛིན་ཞིག་ཀྱང་ཡིན་པས།  དེར་བརྟེན་ཁོང་གིས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ལ་སྒྲིག་ལམ་ནན་ཏན་བཞག་ནས་སློབ་པ་སློབ་གཉེར་བྱེད་དུ་བཅུག་མོད།  འོན་ཀྱང་“ནང་རྩོད་ཕྱི་འཁྲུག”་གི་ཆབ་སྲིད་ཁོར་ཡུག་ཁྲོད།  མི་སེམས་ནི་ཟང་ཟིང་དང་ངང་ཐུང་ཞིག་ཡིན་པས།  ཁོང་གིས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མའི་འཁོར་གཡོག་དང་སེར་སྐྱ་དཔོན་རིགས་ཚོའི་འདོད་རྔམ་དང་རུལ་སུངས་ལ་ཡིད་མ་ཚིམས་པར་རྟག་པར་ཁོ་ཚོར་ཁ་རྡུང་གཏོང་གི་ཡོད།  དེར་བརྟེན་གཞན་གྱིས་འཁོན་ལན་བསློགས་ཏེ་ཁོང་གི་ཡོངས་འཛིན་གྱི་ཐོབ་ཐང་མེད་པར་བཟོས།  ཕྱིས་སུ་དམ་པ་ཉིད་འུ་ཐུག་ནས་རི་ཁྲོད་གྱི་བྲག་ཕུག་འགྲིམས་ནས་ཆོས་སྲིད་ཟུང་འབྲེལ་གྱི་རྙོག་དྲ་སོགས་དང་འབྲལ་ཐབས་བྱས།  ཁོང་ནི་དད་ལྡན་མང་ཚོས་ཀྱིས་གུས་བ་ཆེན་པོ་བྱེད་པའི་ཡོངས་འཛིན་ནས་སྤྱིར་བཏང་གི་དགེ་འདུན་པ་ཞིག་ཏུ་གྱུར་བ་མ་ཟད།  ཆབ་སྲིད་ཀྱི་གནས་བབ་ཀྱང་ཉམ་ཐག་ཏུ་གྱུར་པས་ཐུགས་ལ་སྐྱོ་སྣང་ཚད་མེད་སྐྱེས་ཤིང་།  དེ་ནས་བཟུང་གྲོང་ཁྱེར་གྱི་འདུ་འཛི་དང་།  ཁེ་གྲགས་དབང་ཆ་སོགས་ཀྱི་རྩོད་གཞི་དང་བྲལ་ནས་བློ་རྩེ་གཅིག་སྒྲིམ་གྱིས་དམ་པའི་ཆོས་བསྒྲུབས་ཤིང་ལོ་རྒྱུས་ཀྱི་བསྟན་བཅོས་མཛད་པ་རེད།  བརྩམས་སྒྲུང་དེ་ཁོང་གིས་བཀྲ་ཤིས་ལྷུན་པོའི་དགོན་གྱི་ཤར་ངོས་རྒྱ་ཐང་བྲག་རྒྱལ་གྱི་བྲག་ཕུག་ནང་སྒོམ་རྒྱག་རིང་བྲིས་པ་རེད་ཟེར་བས།  དེ་ལས་ཁོང་གི་ཐུགས་སུ་ནམ་ཡང་ནུས་མེད་ཉོམ་ཆུང་གི་སེར་སྐྱ་རྣམས་བརྣགས་ཡོད་པ་ཤེས་ཐུབ་ལ།  ཁོང་གིས་གཏམ་རྒྱུད་དང་རབ་རྟོག་བརྩམས་སྒྲུང་གི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་ཆོས་སྲིད་ཟུང་འབྲེལ་གྱི་དཔོན་ངན་དེ་ཚོར་སུན་འབྱིན་དང་ཐེར་འདོན་བྱས་ཡོད་པ་རེད། 
         གང་ཞིག་ “སྒྱུ་རྩལ་གྱི་བདེན་པའི་རང་བཞིན་ནི་ཕྱོགས་གཅིག་ནས་ཕྱི་རོལ་ཡུལ་གྱི་འཚོ་བའི་ལོ་རྒྱུས་དང་མཉམ་དུ་འདྲེས་ཤིང་ཕྱོགས་གཞན་ཞིག་ནས་མིའི་སེམས་ཁམས་ཀྱི་མཛེས་དཔྱད་དང་མཉམ་དུ་འདྲེས་ཡོད།  སྒྱུ་རྩལ་གྱི་དོན་དངོས་རང་བཞིན་ནི་རང་ངོས་དང་ཕྱི་རོལ་ཡུལ་གྱི་གཅིག་གྱུར་དང་།  ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་དང་འཆར་སྒོ་ཡི་མངོན་སུམ་རང་བཞིན་གྱི་གཅིག་གྱུར་ཡིན། ”ཟེར་བ་ལྟར་བརྩམས་སྒྲུང་《རྫ་ཙིག་གཏམ་རྒྱུད》ཞེས་པའི་ནང་སྒོམ་ཆེན་གྱིས་དགུང་སྔོན་དབྱིངས་སུ་ལྡིང་སྐོར་རྒྱག་པའི་བྱ་རྒོད་ལ“ཨེ་མ་ཁྱོད་ནི་བྱ་ཡི་དྲང་སྲོང་སྟེ། སྲོག་གཅོད་སྤངས་ཤིང་བྱམས་པའི་ངང་ཚུལ་ཅན།  གཉེན་ལ་མ་ཆགས་སུ་བྱམས་ཕ་མ་དང།  ཡུལ་ལ་མ་ཆགས་གང་སྐྱིད་ཕ་ཡུལ་མཛད།  གནས་ལ་མ་ཆགས་རྒྱལ་ཁམས་ཕྱོགས་མེད་མཛད།  ཁྱོད་ཀྱི་སྤྱོད་ཚུལ་ལ་ནི་བདག་ཉིད་མོས།  ང་ནི་སྐྱོ་བའི་ངང་ཚུལ་ཅུང་ཟད་ཞུ།  ལས་ཀྱིས་དབང་གིས་སྙིགགས་མའི་དུས་འདིར་སྐྱེས།  སྨོན་ལམ་མ་འགྲིག་བོད་ཡུལ་མཐའ་འདིར་སྐྱེས།  ཀུན་དང་བསྟུན་ན་དམ་པའི་ཆོས་དང་འཁོན།  ཆོས་མཐུན་གནས་ན་ཀུན་གྱིས་བརྙས་སྨོད་བྱེད།  ཆོས་ལ་འབུངས་ན་མཐོ་དམའ་དགྲ་རུ་ལངས། དམའ་ས་བཟུང་ན་གཉོམ་ཆུང་མཐའ་ལ་འབུད།  ཕར་ལ་ཕན་བཏགས་ཚུར་ལ་གནོད་ངན་བྱེད།  སྙིགས་མའི་ལོག་སྒྲུབ་བདག་གིས་མི་བཟོད་པས། ཆགས་མེད་རྒྱལ་ཁམས་མྱུལ་བ་བདག་ཉིད་མོས། ”ཅེས་གསུངས་ཡོད་པས།  དེའི་ཐོག་ནས་བརྩམས་སྒྲུང་ནང་གི་སྒོམ་ཆེན་གྱི་དངོས་ཡོད་ཀྱི་མྱོང་བ་དང་ཁོང་ཁྲོ། ཅི་བྱ་གཏོལ་མེད་ཀྱི་ངང་ཚུལ་གསལ་པོ་མཚོན་ཡོད་པ་མ་ཟད།  དེ་ནི་རྩོམ་པ་པོའི་ཐུགས་ལ་བརྣགས་པའི་སེམས་གཏམ་ངོ་མ་ཡང་ཡིན་སྲིད།  བརྩམས་སྒྲུང་དེའི་ནང་གི་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་སོགས་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་སེར་སྐྱ་དཔོན་རིགས་སྣ་ཚོགས་ཀྱི་མཚོན་བྱེད་ཡིན་ཞིང་།  རྩོམ་པ་པོས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་དོན་དངོས་འཚོ་བ་མཚོན་པར་བྱེད་དོན་ནི།  གཅིག་ནས་ཟུར་ཟ་བྱ་ཡུལ་གྱི་མཐོ་རིམ་མི་སྣ་རྣམས་ཀྱི་བྱ་བྱེད་ཐད་ཀར་གསུང་སྟབས་མི་བདེ་བ་དང་།  གཉིས་ནས་གབ་སྟོན་དང་ཤུགས་བསྟན་ནི་རབ་རྟོག་བརྩམས་སྒྲུང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ།  མཚོན་བྱའི་ཡུལ་དེ་སྲོག་ཆགས་ཀྱི་གཟུགས་སུ་བཀོད་ནས་བྲིས་ན་ཟུར་ཟའི་ནུས་པ་ཆེན་པོ་ལྡན་ལ་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་འགྱུར་བས་སྒྱུ་རྩལ་གྱི་འགུགས་ཤུགས་ལྷག་དུ་ལྡན།  ཚེ་རིང་དཔལ་འབྱོར་གྱིས་“བརྩམས་ཆོས་ཀྱི་རིགས་དབྱེ་ནས་བརྗོད་ན། 《རྫ་ཙིག་གཏམ་རྒྱུད》ཅེས་པ་ནི་ཟུར་ཟའི་གཏམ་རྒྱུད་ཀྱི་བརྩམས་སྒྲུང་ཞིག་རེད།  རྩོམ་པ་པོས་ཀྱང་ཐོག་མའི་བསམ་གཞིར་གཞིགས་ནས་བརྩམས་སྒྲུང་འདི་བྲིས་པ་རེད།  ཁོང་གིས་སེར་སྐྱ་དཔོན་རིགས་ཚོར་ཟུར་ཟ་བྱེད་པའི་རྒྱུ་མཚན་ནི་ཁོ་ཚོས་བཀྲ་ཤིས་ལྷུན་པོ་དགོན་དུ་གཞུང་ནོར་སྒེར་ཟ་སོགས་ཀྱི་རུལ་སུངས་བྱེད་སྤྱོད་སྤེལ་བས་རེད།  རྩོམ་པ་པོའི་ངོས་ནས་བརྗོད་ན།  ཁོང་བཀྲ་ཤིས་ལྷུན་པོ་དགོན་ལ་རྩིས་འདབ་ཆེན་པོ་ཡོད་ལ།  མཐར་གཏུགས་ནས་བརྗོད་ན་ཁོང་གི་དམིགས་ཡུལ་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མྱུར་སྐྱོབ་དང་སྲུང་སྐྱོང་གི་ཆེད་དུ་ཡིན་མོད། འོན་ཀྱང་རྩོམ་རིག་བརྩམས་ཆོས་གང་རུང་ཞིག་དང་འདྲ་བར་བརྩམས་སྒྲུང་དེའི་ནང་རྩོམ་པ་པོའི་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་ཚུད་ཡོད་ལ་རྩོམ་པ་པོའི་རང་སྣང་དང་བསམ་བློས་སྒྱུར་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་དངོས་ཡོད་སྤྱི་ཚོགས་ཀྱང་ཚུད་ཡོད། ”ཅེས་གསུང་ཡོད་པས།  བརྩམས་སྒྲུང་དེའི་ནང་དབང་སྒྱུར་གྲལ་རིམ་དང་སྤྱི་ཚོགས་ཡོངས་ཀྱི་མཐོ་རིམ་མི་སྣའི་ལྐོག་ཟ་རུལ་སུངས་ཀྱི་རྣམ་པ་མངོན་པ་དང་།  དུས་རབས་18པར་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཉིན་བཞིན་ཉམས་རྒུད་དུ་འགྲོ་བའི་ཡ་ང་བའི་རྣམ་པ་རང་གཟུགས་སུ་བསྟན་ཡོད།  རྩོམ་པ་པོས་ལྐོག་ཟ་རུལ་སུངས་ཀྱི་སེར་སྐྱ་དཔོན་རིགས་དེ་དག་ཙི་གིར་དཔེར་བཞག་ནས་བརྗོད་དོན་ཡང་།  དེ་ནི་དམངས་ཁྲོད་དུ་ཁྱབ་པའི་དགོད་བྲོ་བའི་གཏམ་“དཔོན་ཆས་སྤྲས་པའི་རྐུན་མ།  ཉིན་མོ་འགྲོ་བའི་ཙི་གི་”ཟེར་བ་དང་འདྲ་ཞིང་།  དེ་གཉིས་ལ་ངོ་བོའི་ཐོག་ནས་གཏིང་ཟབ་པའི་འབྲེལ་བ་ཞིག་ཡོད་པ་གཞིར་བཞག་རེད།  《བྱ་སྤྲེའ་གཏམ་རྒྱུད》ཀྱང་ལོ་རྒྱུས་ཀྱི་དོན་རྐྱེན་མཚོན་པའི་བརྩམས་ཆོས་ཤིག་ཡིན་ཞིང་།  དེའི་རྩོམ་པ་པོ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ནི་བོད་ཀྱི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས།  སྤོ་བོ་དགའ་བཞི་བ་ཚེ་བསྟན་བཀྲ་ཤིས་ནི་སྟོད་མངའ་རིས་སྐོར་གསུམ་གྱི་སྤྱི་དཔོན་ཡིན་ཞིང་། 1727ལོར་བཀའ་བློན་གྱི་ནང་འཁྲུག་ཁྲོད་དུ་སྐུ་གཤེགས།  ཕ་ཡབ་ནི་བོད་བཀའ་ཤག་སྲིད་གཞུང་གི་བཀའ་བློན་ཁྲི་བ་ཡིན་པ་དང་ཆུ་ཡོས་ལོ་(1783)ལ་ཆིང་སྲིད་གཞུང་གི་རིམ་མཐོའི་གདན་རིམ་ཐོབ་ཅིང་།  བསྟན་འཛིན་དཔལ་འབྱོར་གྱིས་དེ་ནི་ཐོག་མཐའ་བར་གསུམ་དུ་གཟི་བརྗིད་ཅིག་ཏུ་བརྩི་གི་ཡོད།  དགུང་ལོ་23ཐོག་ཡབ་ཀྱི་གདན་ཐོབ་བཞེས་ཤིང་།  མན་ཛིའི་གོང་མས་ཁོ་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ལ་བསྐོས་པར་མ་ཟད“ཛ་སག”ཅེས་པའི་མཚན་ཡང་གནང་།  རྩོམ་པ་པོའི་དམིགས་བསལ་གྱི་ཐོབ་ཐང་ལ་བརྟེན་ནས་ཁོང་གི་ལས་དབང་དེ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་ཡོད།     《བྱ་སྤྲེའ་གཏམ་རྒྱུད》ནང་དུ་སྤྲེའུ་རྣམས་ནགས་ཁྲོད་ཀྱི་བྱ་ཡི་མངའ་ཁོངས་སུ་འཛུལ་ནས་རི་སྐྱེས་ཤིང་ཏོག་ཅི་འདོད་བཟོས་བས། ཕན་ཚུན་བར་ལ་འགལ་བ་བྱུང་ཞིང་ཧ་ལམ་དྲག་པོའི་གཡུལ་བཤམ་ཉེའི་ཚད་ལ་སླེབས། ཡིན་ནའང་རི་བོང་དང་དེ་ཕོས་ཕྱོགས་གཉིས་ཀྱི་རྩོད་གཞི་བསྡུམས་མཐར་བྱ་རིགས་ཀྱི་རང་གི་མངའ་ཁུངས་ཀྱི་གསུམ་ཆའི་གཅིག་སྤྲེའུ་ལ་བགོས་ཤིང་།  སྤྲེའུ་རྣམས་ཀྱིས་ནམ་ཡང་བྱ་ཡི་མངའ་ཁོངས་ལ་བཙན་འཛུལ་བྱེད་མི་ཆོག་པ་བཟོས།  དེ་ནས་བཟུང་བྱ་སྤྲེའུ་བར་མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ་ཤིང་མཛའ་ཤིང་མཐུན་པའི་སྒོ་ནས་འཚོ་བ་མཉམ་དུ་སྐྱེལ་རྒྱུའི་མོས་མཐུན་བྱུང་།  བརྩམས་སྒྲུང་དེའི་ནང་འདབ་ཆགས་བྱ་དང་སྲོག་ཆགས་སྤྲེའུ་གཉིས་ཀྱི་རྩོད་གླེང་དང་འདུམ་འགྲིག་གི་བརྒྱུད་རིམ་བྲིས་ཤིང་དེའི་ཤུགས་སུ་མི་རྣམས་ཀྱིས་བཙན་འཛུལ་ལ་ངོ་རྒོལ་དང་ཞི་བདེར་ཡིད་སྨོན་བྱེད་པའི་བསམ་འདུན་མཚོན་པར་བྱས་ཡོད། 
         དེ་བཞིན་བརྩམས་སྒྲུང་《བྱ་སྤྲེའ་གཏམ་རྒྱུད》ཁྲོད་ཀྱི་བྱ་སྤྲེའུ་གཉིས་ཀྱི་གྱོད་གཞི་འདི་ཡིས་གོར་བོད་དམག་འཁྲུག་མཚོན་བཞིན་ཡོད་པ་མཁས་བ་ཀུན་གྱི་སྨྲ་བ་གཅིག་ཏུ་མཐུན།  དེ་ན་གོར་བོད་དམག་འཁྲུག་ཟེར་བ་ནི་ཅི་ཞིག་རེད་ཟེར་ན།  དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་དམག་འཁྲུག་ཅིག་སྟེ་། “1727ལོའི་བཀའ་བློན་ནང་འཁྲུག་བྱུང་རྗེས། ཐོན་སྐྱེད་ཉམས་པ་སོར་ཆུད་དང་གོང་འཕེལ་བྱུང་ཡོད་ལ། མི་དམངས་ཀྱི་འཚོ་བ་ནི་དུས་བདེ་ཞི་འཇགས་བྱུང་བའི་དབང་གིས་བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་བལྟོས་བཅས་ཀྱིས་བརྟན་ལྷིང་ཡིན་པ་དང་ལོ་མང་རིང་དམག་འཁྲུག་དང་ཟིང་ཆ་ཆེན་པོ་མ་བྱུང་ཞིང་།  བོད་སྡོད་ཆིང་དམག་རིམ་བཞིན་ཕྱིར་འཐེན་བྱས་པ་དང་།  ས་གནས་དེ་གའི་བོད་དམག་དང་སྐུ་སྲུང་རུ་ཁག་ཀྱང་ཉུང་འཕྲི་བྱས་ནས་ལྷ་སའི་སྨོན་ལམ་ཆེན་མོའི་གཏོར་རྒྱགས་མཁན་གྱི་གཟབ་སྦྲེང་རུ་ཁག་ཉུང་ཤས་ལས་ལྷག་མེད། ཡིན་ནའང་གཙང་གི་མཐའ་རུ་འབྲེལ་བའི་གོར་ཁ་ཡིས་དམག་དོན་རྒྱ་སྐྱེད་གཏོང་བཞིན་ཡོད་པས་ཧི་མ་ལ་ཡའི་མཐའ་འཁོར་དུ་མི་བདེ་བ་དང་འཇིགས་སྣང་བཟོས་ཡོད།  དེའི་ཐད་བོད་ས་གནས་སྲིད་གཞུང་གིས་མཐོང་ཆེན་བྱས་པ་འདང་མེད”པས། གོར་ཁ་ཡིས་སྔ་རྗེས་སུ་1787ལོ་དང་1792ལོར་“བོད་མིས་ནེ་པ་ལར་སྤུས་ཚད་དམའ་བའི་ཚྭ་ནང་འདྲེན་བྱེད་ཀྱི་ཡོད་”ཅེས་དང་“བོད་ཀྱིས་ལྐོག་རྔན་གྱི་དངུལ་མི་ལེན་པར་”ཁ་གཡར་ནས་བོད་དུ་བཙན་འཛུལ་བྱས་པ་རེད།  གོར་ཁས་ཐེངས་དང་པོར་བཙན་འཛུལ་བྱེད་སྐབས་“བོད་དམག་དང་བོད་སྡོད་ཨམ་བན་བཅས་ཀྱིས་འགོག་རྒོལ་ཏོག་ཙམ་བྱས་ཀྱང་རྒྱའི་དམག་དཔོན་གྱིས་གོར་ཁའི་ལྐོག་དངུལ་བཟོས་པའི་རྐྱེན་ལས་ཞྭ་དམར་སྤྲུལ་སྐུ་བརྒྱུད་གོར་བོད་གྲོས་མོལ་ཡོང་བ་བྱས་ཐོག བོད་ནུས་མེད་ཀྱིས་ཚུལ་ལ་གཞིགས་ནས་གོར་ཁས་བོད་ཀྱི་ས་ཆ་བཙན་བཟུང་ཡོད་པ་ཕྱིར་སྤྲོད་པར་ས་རིན་དུ་རྒྱུ་དངུལ་འབོར་ཆེ་བ་སྤྲོད་དགོས་པའི་ཆ་རྐྱེན་འོས་མིན་བཏོན་པ་རྣམས་ཁས་ལེན་བྱས”པས་ན།  གོར་བོད་བར་དུ་ལ་རྒྱ་དང་བདག་དབང་ཤོར་བའི་འདྲ་མཉམ་མིན་པའི་ཆིངས་ཡིག་བཞག་པ་དེས་གོར་ཁས་བོད་ལ་བཙན་འཛུལ་ཐེངས་གཉིས་པ་བྱེད་པར་རྨང་བཏིང་ཡོད།  མདོར་ན། གོར་ཁའི་བཙན་འཛུལ་དམག་གིས་བཙན་འཛུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་བསྟུན་ནས། མན་ཛིའི་གོང་མ་ཆན་ལུང་གིས་དྲག་ཤུགས་ལ་བརྟེན་ནས་རྒོལ་ལན་སྤྲོད་པའི་རྣམ་འགྱུར་བསྟན།  ཐེངས་དང་པོར་ཁྲེན་ཏུའུ་དམག་དཔོན་ཨའོ་ཧུའེ་ཡིས་དམག་མི་སུམ་སྟོང་ཁྲིད་ནས་བཙན་འཛུལ་ལ་འགོག་རྒོལ་བྱས་པ་དང་། ཐེངས་གཉིས་པར་དམག་དཔོན་ཆེན་མོ་ཧྥུ་ཁང་ཨན་གྱིས་དམག་མི་ཆིག་ཁྲི་བདུན་སྟོང་ཁྲིད་ནས་འགོག་རྒོལ་བྱས།  དམག་འཁྲུག་དེ་གཉིས་ཀྱི་ནང་དུ་མདོ་རིང་བསྟན་འཛིན་དཔལ་འབྱོར་ཞུགས་པ་མ་ཟད། དགྲ་བོས་ཁོང་ཐེངས་གཉིས་ལ་གསོན་བཟུང་བྱས་ཤིང་། མཐར་མན་ཛིའི་དམག་ལ་རྒྱལ་ཁ་ཐོབ་པའི་རྐྱེན་གྱིས་ཁོང་ལྷ་སར་ཕྱིར་བཏང་བ་རེད། 
         རྩོམ་པ་པོས་རང་ཉིད་ཀྱི་མྱོང་བ་དངོས་ལ་གཞིགས་ནས་《བྱ་སྤྲེའུ་གཏམ་རྒྱུད》ཅེས་པའི་བརྩམས་སྒྲུང་དེ་བརྩམས་པ་དང་། དེའི་ནང་གི་གནས་ཚུལ་ཞིབ་ཕྲ་མང་པོ་ཞིག་འབྲེལ་ཡོད་ཡིག་ཆའི་ནང་ར་སྤྲོད་བྱས་ཡོད།  དེའི་ཐད་བོད་ཀྱི་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་གྱིས་“གཏམ་རྒྱུད་དེ་ནི་རྩོམ་པ་པོས་ལོ་རྒྱུས་ཀྱི་དོན་དངོས་རྒྱབ་ལྗོངས་སུ་བྱས་ནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རང་ཉིད་ཀྱི་བསམ་དོན་ངོ་མ་སྦ་གསང་མེད་པར་མཚོན་ཡོད།  གལ་ཏེ་ང་ཚོས་གཏམ་རྒྱུད་འདིའི་ནང་དྲངས་པའི་བྱ་སྤྲེའུ་བར་གྱི་སྤང་ཐང་གི་རྩོད་གཞི་དང་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་གོར་བོད་བར་གྱི་མངའ་ཁོངས་སྐོར་གྱི་རྩོད་དོན་དེ་གཉིས་ལ་ཞིབ་ཕྲའི་ངང་ཞིབ་བསྡུར་བྱས་ན།  དེ་གཉིས་ཀྱི་བྱུང་རིམ་ཤིན་ཏུ་མཐུན་པ་ཡིན་སྟེ། འགོ་ཚུགས་སྐབས་རྩོད་རྙོག་བྱུང་བ་དང་།  བར་དུ་ཕན་ཚུན་བར་དུ་ཕོ་ཉ་མངགས་ནས་འདུམ་བྱས་པ།  མཇུག་མཐར་གྲོས་མཐུན་བྱུང་ནས་གན་རྒྱ་བཞག་པ་ལྟ་བུའོ།  དེར་བརྟེན་གཏམ་རྒྱུད་དེ་ནི་གོར་བོད་བར་དུ་བྱུང་བའི་གྱོད་དོན་དང་འདྲ་མཉམ་མིན་པའི་ཆིངས་ཡིག་བཞག་པའི་དོན་དངོས་ཀྱི་གནས་ཚུལ་རྨང་གཞིར་བྱས་ནས་བྲིས་ཡོད་། ” ཅེས་གསུང་ཡོད། དམུ་དགེ་བསམ་གཏན་གྱིས་རྩོམ་པ་པོའི་རང་རྣམ་《རྡོ་རིང་གི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཡི་ནང་བྱུང་བའི་གོར་བོད་དམག་འཁྲུག་དང་《བྱ་སྤྲེའུ་གཏམ་རྒྱུད》ནང་བརྗོད་པའི་བྱ་སྤྲེའུ་ཡི་རྩོད་གཞི་དེ་གཉིས་གཅིག་མཚུངས་ཡིན་པ་ཞིབ་བསྡུར་བྱས་ཡོད་མོད། ཚིག་ཚོགས་ལ་འཇིགས་ནས་འདིར་རེ་རེ་བཞིན་མི་བཀོད་པ་བྱ།  སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པར་ཕྱིར་མིག་བལྟས་ན། “རྒྱུན་ཆད་མེད་པར་དམག་འཁྲུག་རྒྱག་པ་དང་ཟང་ཟིང་གིས་ཁེངས་པའི་ཆབ་སྲིད་ཀྱི་གནས་བབ་ཀྱིས་དམངས་ཚོགས་ཀྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་པ་མ་ཟད།  གོང་རིམ་མི་སྣ་དང་དམངས་ལ་གཅེས་པའི་ཤེས་ཡོན་ཅན་གྱི་སེམས་བློ་ལ་བརྡབ་གསིག་ཆེན་པོ་བྱུང་།  གོར་བོད་ཀྱི་དམག་འཁྲུག་ནི་བསྟན་འཛིན་དཔལ་འབྱོར་གྱི་མི་ཚེའི་ཁྲོད་འཕྲད་པའི་ཉེན་ཁ་ཆེ་ཤོས་ཤིག་ཡིན་པ་དང་ཁོང་གི་སེམས་ནང་རྡོ་བརྐོས་རི་མོ་ལྟར་བསུབ་ཐབས་བྲལ་བ་ཞིག་རེད།  གོར་བོད་དམག་འཁྲུག་གི་ཕམ་ཁ་དང་ཉམས་མྱོང་། དེ་ལས་བྱུང་བའི་བསླབ་བྱ་དེ་བོད་ས་གནས་སྲིད་གཞུང་གི་ཡིག་ཆའི་ནང་རུལ་མི་འགྲོ་བའི་ཆེད། བསྟན་འཛིན་དཔལ་འབྱོར་གྱིས་མཐར་གོར་བོད་དམག་འཁྲུག་གི་གོ་དོན་མཚོན་པའི《བྱ་སྤྲེའུ་གཏམ་རྒྱུད》བྲིས་ཡོད། ”བརྩམས་སྒྲུང་《བྱ་སྤྲེའུ་གཏམ་རྒྱུད》ཅེས་པ་ནི་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ནང་གི་ནང་བསྟན་གྱི་བསམ་བློ་དང་ཆོས་ལུགས་བརྗོད་བྱ་གཙོ་བོར་བཟུང་མེད་པའི་དཔེ་མཚོན་གྱི་བརྩམས་ཆོས་ཉུང་ཤས་གྲས་ཀྱི་གཅིག་ཡིན།  འོན་ཀྱང་བརྗོད་རིན་ཡོད་པ་ཞིག་ནི་དེའི་རྐྱེན་གྱིས་བརྩམས་ཆོས་དེའི་རིན་ཐང་ལ་གནོད་པ་ཅི་ཡང་བྱུང་མི་འདུག་ལ།  བོད་ཀྱི་རབ་རྟོག་བརྩམས་སྒྲུང་ཀུན་ལས་ཆེས་སྤུས་ལེགས་དང་ཚད་ལྡན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་མ་ཟད།  དེའི་ནང་གི་དཔེ་ཆོས་དང་གཏམ་དཔེ་མང་དག་ཅིག་བོད་ཀྱི་ཤེས་ཡོན་གྱི་སྡེ་དང་ཐ་ན་མི་སེར་དཀྱུས་མས་ཀྱང་དགའ་མོས་བྱེད་ཅིང་།  དཔེ་དེབ་དང་གཏམ་བཤད་ཁྲོད་དེ་དག་བེད་སྤྱོད་བྱས་ཏེ་གཟི་བརྗིད་ཅིག་ཏུ་རྩི་གི་ཡོད།  དེ་ནི་རྩོམ་པ་པོའི་རིག་གནས་བློ་སྦྱོང་དང་མི་སྒེར་གྱི་མྱོང་བ། དེ་བཞིན་འགན་འཁྲིའི་བསམ་བློ་བཅས་དང་འབྲེལ་བ་དམ་ཟབ་ཡོད་དོ། ། 
         གསུམ། 
         གལ་ཏེ་《གཏམ་པདྨའི་ཚལ་གྱི་ཟློས་གར》དང་《འཇོལ་མོའི་གཏམ་སྤྲིན་གྱི་ལྕུག་མའི་དོ་ཤལ》། 《གཡག་ལུག་ར་ཕག་གི་གཏམ་རྒྱུད་སྒྱུ་མའི་གླུ་དབྱངས་》སོགས་ཀྱི་རྩོམ་པ་པོས་ཉེ་འགྲམ་གྱི་གཏམ་རྒྱུད་དམ་མི་སྒེར་གྱི་ལས་དབང་མཚོན་པ་དང་། 《རྫ་ཙིག་གཏམ་རྒྱུད》དང་《བྱ་སྤྲེའུ་གཏམ་རྒྱུད》ཀྱིས་ལོ་རྒྱུས་ཀྱི་དོན་རྐྱེན་མཚོན་པ་ཡིན་ན། 《ཇ་ཆང་ལྷ་མོའི་བསྟན་བཅོས》དང《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》ཀྱིས་བོད་དུ་བྱུང་བའི་ལོ་རྒྱུས་ཀྱི་དོན་ཆེན་གལ་ཆེན་གབ་སྟོན་བྱས་ཡོད།  《ཇ་ཆང་ལྷ་མོའི་བསྟན་བཅོས》ཀྱི་རྩོམ་པ་པོ་དབོན་གྲོང་ཚེ་བརྟན་ཡེ་ཤེས་ནི་གཙང་པ་སྣམ་རྫོང་ནས་ཡིན་པ་དང་།  དུས་རབས་18པའི་དུས་མཇུག་ཏུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་སྐྱོང་སྐབས་ཁོའི་མངའ་འོག་གི་དཔོན་ཆུང་ཞིག་བྱེད་མྱོང་ཡོད་ཅིང་། རྗེས་སུ་ཁྱིམ་དུ་ལོག་ནས་དཔེ་ཆ་བྲིས་ཤིང་དགེ་ཕྲུག་མང་པོ་བསྐྱངས་ཡོད་སྐད།  《མི་དབང་རྟོགས་བརྗོད》ནང་ཁོང་ནི་ཕོ་ལྷ་བ་ཡི་གྲོགས་པོ་བློས་ཐུབ་ཡིན་ཞེས་བྲིས་ཡོད།  ༡༧༢༠ལོར་ཕོ་ལྷ་བས་སྣེ་མོ་ནས་རྫོང་དཔོན་གྱི་འགན་བཞེས་པར་སྐྱོད་པའི་ལམ་བར་དུ་ཁོང་ཚང་གི་ཁྱིམ་དུ་ཕེབས་མྱོང་ཡོད་པའི་སྐོར་བྲིས་ཡོད་ལ་ཁོས་“གཅེན་པོ་ཚེ་བརྟན་གཞོན་ནུའི་དུས་ནས་བཟུང་སྐད་དང་རིག་གནས་ལ་བྱང་ཆུབ་པ་དང་།  རིག་པ་རྣོ་ཤིང་དབྱེ་ཞིབ་ལ་མཁས་པས།  རྒྱལ་འབངས་ཀྱི་དོན་དག་ཐག་གཅོད་བྱེད་མཁས་པོ་ཡོད།  ད་ལྟ་ཁྱིམ་ན་བག་ཕེབས་ངང་ཟབ་མོའི་ཆོས་དང་རིག་པའི་གནས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ”ཅེས་འཁོད་ཡོད།  ང་ཚོས་རྩོམ་པ་པོས་བརྩམས་སྒྲུང་འདི་རྩོམ་པའི་དུས་རབས་ཀྱི་རྒྱབ་ལྗོངས་ནས་བལྟས་ན།  རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་སྐུ་མྱ་ངན་ལས་འདས་པ་ནས་བཟུང་བོད་ས་གནས་སྲིད་གཞུང་དེ་ཆབ་སྲིད་སྟོབས་ཤུགས་གཉིས་ཀྱིས་བཟུང་ཡོད།  སོག་པོ་ཏཱ་ལའི་ཧན་གྱིས་དམག་དབང་བཟུང་ཡོད་པ་དང་།  སྡེ་པ་སངས་རྒྱས་རྒྱ་མཚོས་སྲིད་ཀྱི་དབང་བཟུང་ཡོད་པས་ཁེ་ཕན་གྱི་ཐད་ནས་ཕན་ཚུན་མི་མཐུན་པ་བྱུང་།  1701ལོར་ལྷ་བཟང་ཧན་གྱིས་ཏཱ་ལའི་ཧན་གྱི་ཚབ་བྱས་ཏེ་དམག་དབང་བཟུང་བས།  དེ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབར་གྱི་འགལ་ཟླ་ཇེ་སྡུག་ཏུ་སོང་།  1705ལོར་ལྷ་བཟང་ཧན་གྱིས་མཚོ་སྔོན་དང་བོད་བྱང་ཐང་གི་སོག་རིགས་རྟ་དམག་སྐོང་བསྡུ་བྱས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དཀྲོངས།  དེ་ནས་བཟུང་ལྷ་བཟང་ཧན་གྱིས་བོད་ཀྱི་དམག་སྲིད་ཀྱི་དབང་ཆ་ཆེན་པོ་བཟུང་ཡང་དེ་ཙམ་གྱིས་འཐབ་རྩོད་མཇུག་འགྲིལ་མེད།  ལྷ་བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་སྐྱོང་བྱས་པའི་ས་གནས་ཀྱི་སྟོབས་ཤུགས་དང་རྒྱུད་འཛིན་སྐུ་དྲག་དབར་ཁེ་གྱོང་གི་འགལ་ཟླ་གསར་པ་བྱུང་། 
བརྩམས་སྒྲུང་དེའི་ནང་གི་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་དང་ཇ་ཡི་ལྷ་མོ་ཤེས་རབ་སྒྲོལ་མ་གཉིས་ཀྱིས་ལྷ་བཟང་ཧན་དང་སྡེ་པ་སངས་རྒྱས་རྒྱ་མཚོ་མཚོན་བཞིན་ཡོད་།  རྒྱུ་མཚན་ནི་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་ཁ་བ་གངས་ཅན་ཡུལ་གྱི་ཐོན་དངོས་ཡིན་ལ།  ཇ་ཡི་ལྷ་མོ་ཤེས་རབ་སྒྲོལ་མ་ནི་ཕྱི་ཡུལ་ནས་ནང་འདྲེན་བྱེད་པ་ཡིན་པས།  ཁོ་གཉིས་ཀྱི་བར་དུ་སུ་ནི་ཁ་བ་གངས་རི་ཡུལ་གྱི་བཏུང་བྱ་ཡིན་པའི་ཐད་ནས་རྩོད་ཉོག་བྱུང་།  དེ་བཞིན་རང་རིགས་ཀྱི་ཁེ་ཕན་གྱི་ཚབ་བྱེད་པའི་སྡེ་པ་སངས་རྒྱས་རྒྱ་མཚོའི་ཕྱོགས་ལ་དྲང་བདེན་དང་ལོ་རྒྱུས་ཐོག་གི་ལུགས་མཐུན་རང་བཞིན་ཡོད་པ་དང་།  ཕ་རོལ་པོ་ནི་བོད་ལ་བཙན་འཛུལ་བྱེད་མཁན་མི་རིགས་གཞན་གྱི་དམག་ཤེད་ཡིན་པས་ཁྲིམས་མེད་ལུགས་མེད་ཡིན་པ་སོགས་ནི་བརྩམས་ཆོས་དེའི་ཤུགས་སུ་གབ་སྟོན་བྱས་ཡོད་དེ།  དེ་ནི་མི་སྣ་གཙོ་བོ་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་དང་ཇ་ཡི་ལྷ་མོ་ཤེས་རབ་སྒྲོལ་མ་གཉིས་ཀྱིས་ཕན་ཚུན་དམའ་འབེབས་དང་ཟུར་ཟ་བྱས་པའི་སྐད་ཆ་ལ་བརྟགས་ན་ཤེས་ཐུབ། བརྩམས་སྒྲུང་ནང་གི་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩིས་“བོད་འདི་ཐོག་མ་མཚོ་བྲི་ནས་ས་ལའི་ནགས་སྐྱེས་པའི་དབུས་སུ་འདྲེ་སྲིན་གྱིས་ཁེངས་པའི་སྐབས་དེར་ཤར་ཕྱོགས་རི་བོ་གྲུ་འཛིན་ནས་འཕགས་པ་འཇིག་རྟེན་མགོན་པོས་གདུལ་བྱའི་ཞིང་དུ་གཟིགས་ནས་།  ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་བྱིན་གྱིས་བརླབས་ཏེ་བྲག་སྲིན་མོ་དང་འདུས་ནས་འགྲོ་བ་མིའི་ས་བོན་སྤེལ།  བུ་ཕྲུག་རྣམས་འཚོ་བྱེད་ཀྱི་བཟའ་བཏུང་གི་རྒྱུར་ང་དཀར་མོའི་ནས་དང་ཞང་པོ་གྲོ།  ཨ་ཁུ་སྲན་མ། སྲུ་མོ་རྒྱ་གྲོ། ཨ་ལྕེ་པད་ཁ་བཅས་རི་རབ་ཀྱི་ཟོམ་གྱི་གཏེར་ནས་བཞེས་ཏེ་དགེ་བརྙེན་བྱང་ཆུབ་སེམས་དཔར་ལུང་དང་བཅས་བསྩལ་བས་དགེ་བསྙེན་གྱིས་ཡར་ཀློང་ཟོམ་ཐང་དུ་བཏབ་པ་སོགས་བོད་འདིའི་བཟའ་བཏུང་གི་རྒྱུར་འགྱུར་ཆེད་བལྟོས་བཅས་རྣམས་ཆེད་དུ་མངགས་པ་ལས་།  དེ་སྐབས་ཁྱོད་ཀྱི་ལོ་རྒྱུས་ག་ལ་ཡོད། ”ཅེས་བཤད།  བརྩམས་སྒྲུང་དེའི་ཟ་ཟུར་ནས་རྩོམ་པ་པོས་མི་སྣ་གཙོ་བོ་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་ཡི་ཁ་གཡར་ནས་རང་གི་རིགས་ཞེན་དང་ཆད་སྲིད་ཀྱི་ལྟ་བ་མཚོན་བཞིན་ཡོད་མོད།  འོན་ཀྱང་བརྩམས་སྒྲུང་གི་བྱུང་རིམ་གྱི་འཕེལ་རྒྱས་དང་དེའི་རྗེས་མཐུད་ནང་དོན་ལ་བལྟས་ཚེ། ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་དང་ཇ་ཡི་ལྷ་མོ་ཤེས་རབ་སྒྲོལ་མ་གཉིས་དབར་གྱི་རྩོད་གླེང་དེ་ལ་སྤྱིར་བཏང་གི་འདུ་ཤེས་འཛིན་སྟངས་ལས་བརྒལ་བའི་ཤུགས་བསྟན་གྱི་གོ་དོན་ཟབ་མོ་ཡོད། 
         མཐར་ཇ་ཆང་ལྷ་མོ་གཉིས་ཀྱི་རྩོད་གླེང་ལ་འབྲས་བུ་གང་ཡང་མ་བྱུང་བས། རྒྱལ་པོས་ཀུན་རྫོབ་རྒྱུ་འབྲས་རེ་རེ་ལས་ལྷ་མོ་གཉིས་ཀྱིས་བཤད་པའི་ལོ་རྒྱུས་དང་དེ་བཞིན་དུ་དྲངས་པའི་དཔེ་མཚོན་ལ་དབྱེ་ཞིབ་བྱས་པ་དང་། བདེན་རྫུན་དབྱེ་འབྱེད་བྱས་ཤིང་བྱ་དངོས་ཅི་ཞིག་ཡིན་ཡང་དགེ་སྐྱོན་གཉིས་ཀྱི་ཆ་ཡོད་པ་གསལ་བཤད་བྱས་ཡོད་ལ།  ཇ་ཆང་གཉིས་ཀར་མི་རྣམས་ལ་དགོས་མཁོ་ཡོད་མོད། འོན་ཀྱང་ཚང་མར་ཚད་རན་པོ་ཞིག་དགོས་པ་མ་ཟད། ཁོང་ཚོས་རང་ཉིད་ཀྱི་ཁ་ངོ་སྲུང་བའི་ཆེད་དུ་ཕར་ཕྱོགས་ལ་རྡུང་རྡེག་གཏོང་བའི་བྱེད་སྟངས་མི་འགྲིག་པར་སྐྱོན་བརྗོད་བྱས་ཏེ་ཁོ་གཉིས་ཞི་བདེའི་ངང་འཆམ་མཐུན་མཉམ་གནས་བྱེད་པའི་གྲོས་གཞི་འདོན་པས།  ཇ་ཆང་གི་རྩོད་པ་གཞི་ནས་ཡོངས་སུ་ཞི་ཞིང་། མཐར་གླུ་ལེན་གར་རྩེ་ཡི་ཁྲོད་ནས་གཏམ་རྒྱུད་ཀྱི་མཇུག་སྒྲིལ། 
         བརྩམས་སྒྲུང་ནང་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དངོས་ནི་སྡེ་བ་སངས་རྒྱས་རྒྱ་མཚོ་གྲོངས་རྗེས་སོག་ཡུལ་གྱི་ཇུན་གར་ཚོ་བའི་ཚེ་རིང་དོན་གྲུབ་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པས་ཁོས་ཤིན་ཅང་ཨར་ཐའེ་རི་ཁུལ་དུ་ཧམ་སེམས་ཆེན་པོས་དམག་དོན་རྒྱ་བསྐྱེད་པས་ན་ཁོའི་ཧམ་སེམས་ནི་བོད་སྡེ་བ་གཞུང་ལ་བཙན་གྱིས་དབང་བསྒྱུར་བའི་ལྷ་བཟང་ཧན་གྱི་མངོན་མེད་ཉེན་ཁ་རུ་གྱུར་ཡོད།  སྔོན་ལ་ལྷ་བཟང་ཧན་གྱི་བུ་རྒན་པ་སྐལ་བཟང་བསྟན་འཛིན་ནི་ཚེ་རིང་དོན་གྲུབ་ཀྱི་བུ་མོར་ཡིད་ཆགས་པས་ཁོས་ཨ་ཕའི་ཁ་ཏ་བསླབ་བྱར་མ་ཉན་པར་ཤིན་ཅང་དུ་ཕྱིན་ནས་གཉེན་སྒྲིག་བྱས་པ་དང་། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྱོགས་ཀྱི་ཆབ་སྲིད་ཕྱོགས་ཁག་རྙིང་པས་ལྐོག་ཏུ་ཚེ་རིང་དོན་གྲུབ་ལ་གསང་འབྲེལ་བྱས་ནས་ཁོས་སོག་དམག་བོད་དུ་དྲངས་ནས་ལྷ་བཟང་ཧན་མཐར་རུ་སྐྲོད་པའི་ཇུས་བཤམས་རུང་། ཅི་སྐད་དུ་ནང་ཁ་མ་ཆེམས་ན་ཕྱིའི་གྲོས་མི་འགྲིག་ཟེར་བ་ལྟར་དེ་ནི་སྐབས་ཐོག་གི་ཆབ་སྲིད་ཀྱི་དགོས་ཆེད་ཙམ་མ་གཏོགས་བོད་སྤྱི་ལ་ཕན་ཐོགས་མ་དགོས་གནོད་དུ་གྱུར་ཡོད། སྐབས་དེའི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ན་རྒྱལ་དབང་བློ་བཟང་རྒྱ་མཚོའི་སྐུ་ལུས་ཀྱི་བཀོད་པ་ཆོས་དབྱིངས་སུ་འཐིམ་པ་ནས་ཇུན་གར་གྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བའི་བར་གྱི་ལོ་ངོ་སུམ་ཅུའི་རིང་བོད་ལྗོངས་ས་མཐོར་སྔ་རྗེས་སུ་དབང་ཆ་འཛིན་མཁན་ལྔ་བྱུང་ཡོད།  སྲིད་དབང་བརྗེ་རེས་བྱེད་ཐེངས་རེ་རེར་སྤྱི་ཚོགས་སུ་ཟིང་ཆ་ཆེན་པོ་ལངས་ཤིང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད།  བརྩམས་ཆོས་ནང་གི་མངོན་མེད་ཀྱི་འདུ་ཤེས་གང་ཞིག་ཡིན་ཡང་རུང་། དམིགས་བསལ་དུས་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ནི་གཟུགས་འདས་རིག་པའི་རྣམ་གཞག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ནི་རྩོམ་པ་པོའི་སྣང་ངོ་ལས་བསམ་བློའི་མཚོན་ཚུལ་བརྒྱུད་དེ་གཏན་དུ་འཁེལ་པའི་དོན་དངོས་ཤིག་ཏུ་གྱུར་ཡོད། དེར་བརྟེན་“རང་ཉིད་ཀྱིས་དངོས་སུ་མྱོང་བའི་དུས་འགྱུར་དང་། རང་ཉིད་ཀྱིས་དངོས་སུ་མཐོང་བའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པ་དེ་ནི་རིན་ཐང་མཐོ་ཤོས་ཀྱི་ལོ་རྒྱུས་ཀྱི་དཔྱད་ཡིག་རེད་”ཟེར་བ་ནི་བདེན་བ་རང་ཡིན་འདུག།  རྩོམ་པ་པོ་དབོན་གྲོང་ཚེ་བརྟན་ཡེ་ཤེས་ནི་ཁོང་གི་འཚོ་བ་སྐྱེལ་སའི་དུས་རབས་དེར་རྒྱུས་མངའ་ཤིན་ཏུ་ཆེ་བས་བརྩམས་སྒྲུང་གི་རྣམ་པའི་ཐོག་ནས་སྐབས་དེའི་ལོ་རྒྱུས་ཀྱི་དོན་དག་གལ་ཆེན་དག་མཚོན་པར་བྱས་ཡོད།  དེ་ལས་རྩོམ་པ་པོས་རང་གི་རིགས་སུ་གྱུར་བའི་ཕྱོགས་ལ་གདུང་སེམས་མཉམ་སྐྱེད་བྱས་ཡོད་རུང་། གུ་དོག་པའི་ས་ཁོངས་ཀྱི་འདུ་ཤེས་ཁོ་ན་བཟུང་ནས་ཆང་གི་ལྷ་མོ་བདེ་ལྡན་བདུད་རྩི་ཡི་ཕྱོགས་སྟེ་སྡེ་པ་སངས་རྒྱས་རྒྱ་མཚོའི་ཡི་ཕྱོགས་སུ་ལངས་མེད་པར། གཟུར་གནས་ཀྱི་སྒོ་ནས་ཕྱོགས་གཉིས་ཀྱི་དབར་ལ་འདུམ་བྱས་པས། དེ་ཡིས་རྩོམ་པ་པོ་དབོན་གྲོང་ཚེ་བརྟན་ཡེ་ཤེས་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མངའ་འོག་གི་ས་གནས་དཔོན་པོ་ཞིག་ཡིན་པའི་ཆ་ནས་ཁོའི་ལས་རིགས་ཀྱི་བྱང་ཚད་མཚོན་པ་དང་། དེ་བས་གལ་ཆེ་བ་ནི་ཁོས་བརྩམས་ཆོས་འདི་འབྲི་དོན་ཡང་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་གཉིས་ཕན་ཚུན་འཆམ་མཐུན་བྱས་ཏེ་འབངས་མི་སེར་སྡུག་བསྔལ་གྱི་གཡང་ལས་སྐྱོབ་འདོད་པའི་ཆེད་དུ་ཡིན་ངེས།  བརྩམས་སྒྲུང་དེའི་ནང་མཚོན་པར་བྱེད་པའི་ཕུགས་བསམ་དང་བརྩོན་ལེན་བྱ་གཞི་དེ་མ་བཤད་རང་གསལ་དུ་མངོན་ཡོད་པ་མ་ཟད། དེའི་སྒྱུ་རྩལ་གྱི་ལག་ཐབས་དང་གཏམ་རྒྱུད་ཀྱི་དཔེ་མཚོན་དོན་སྙིང་དེ་བས་མངོན་གསལ་དོད་པོ་ཡོད། 
         དེ་དང་འདྲ་བར《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ནི་རྒྱ་གར་གྱི་དཔེ་ཆོས་སམ་ངག་རྒྱུན་ས་བོན་བྱས་ཏེ་རྒྱལ་གར་གྱི་ཡུལ་དུ་བྱུང་བའི་གཏམ་རྒྱུད་ཅིག་བྲིས་ཡོད་མོད། རྩོམ་པ་པོ་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ཀྱི་སེར་མོ་བ་ཞིག་ཡིན་པས། བརྩམས་ཆོས་དེའི་ཁྲོད་དུ་རྩོམ་པ་པོའི་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་ཚུད་ཡོད་ལ་རྩོམ་པ་པོའི་རང་སྣང་དང་བསམ་བློས་སྒྱུར་མི་ཐུབ་པའི་ཉེ་འགྲམ་མམ་ཕྱི་རོལ་ཡུལ་གྱི་དངོས་ཡོད་སྤྱི་ཚོགས་ཀྱང་ཚུད་ཡོད་སྲིད་པས། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་མཚོན་པའི་ཆབ་སྲིད་བརྩམས་སྒྲུང་ཞིག་ཀྱང་རེད།  འོ་ན་དེ་འདྲ་ཡིན་པའི་རྒྱུ་མཚན་གང་ཡིན་ཟེར་ན།  སྨྱུག་འཛིན་པས་ལོ་མང་རིང་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། བརྩམས་ཆོས་འདི་ཡི་ཕྱི་རུ་རྒྱལ་སྲས་ཆོས་ཀྱི་དགའ་བ་གྲོགས་ཀྱིས་བསླུས་ནས་བྱ་མགྲིན་སྔོན་ཟླ་བར་གྱུར་བའི་མི་ཚེའི་སྐྱོ་གར་གྱི་བརྒྱུད་རིམ་བྲིས་ཤིང་འཇིག་རྟེན་གྱི་འཁོར་བར་སྙིང་པོ་མེད་པའི་རང་གཟུགས་དམར་རྗེན་དུ་བཏང་ཡོད་པས་འདི་ནི་ཆོས་ལུགས་བརྩམས་སྒྲུང་གི་ཁྱབ་ཁོངས་སུ་གཏོགས་མོད། འོན་ཀྱང་ཤུགས་སུ་དུས་རབས་18པའི་དུས་དཀྱིལ་དུ་བོད་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་“བཀའ་བློན་ནང་འཁྲུག”གི་དོན་རྐྱེན་གབ་སྟོན་བྱས་ཡོད།  “བཀའ་བློན་ནང་འཁྲུག”གི་དོན་རྐྱེན་ནི་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་བོད་ས་གནས་ཀྱི་སྲིད་དབང་གཙོ་སྐྱོང་བྱེད་པའི་དུས་སྐབས་སུ་བྱུང་བ་དང་།  《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ཀྱི་རྩོམ་པ་པོ་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་ཚེ་གང་པོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོར་འབྲེལ་བ་དམ་པོ་ཡོད་ལ་། དེ་བས་དོན་རྐྱེན་དེའི་ནང་གི་མི་སྣ་གཙོ་བོ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ཡང་འབྲེལ་བ་ངེས་ཅན་ཡོད། དེ་ནི་ཁོང་གི་ལོ་རྒྱུས་ཤིག་ངོ་སྤྲོད་བྱས་ན་གཞི་ནས་རྟོགས་ངེས། 
སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་ནམ།  བློ་གྲོས་རྒྱ་མཚོ་ནི་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་སྔགས་འཆང་དཀོན་མཆོག་སྙན་གྲགས་དང༌།  ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པ་ཤིང་རྟ་1714ལོ་འཁྲུངས།  སྐུ་ཆུང་ངུའི་དུས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་གཙུག་ཕུད་ཕུལ།  མཚན་ངག་དབང་ཡེ་ཤེས་གསོལ།  དགུང་ལོ་ལྔ་ལ་ཆོས་འདོན་མཁས་པ་རྡོ་རྗེ་རྒྱལ་མཚན་གྱི་སར་ཡི་གེ་འབྲི་ཀློག་བསླབས།   དགུང་ལོ་བཅུ་གསུམ་ལ་སྟག་ཕུ་ངག་དབང་ཆོས་གྲྭགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས།   དགུང་ལོ་བཅུ་དྲུག་ལ་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་པ་མདོ་སྨད་མགར་མཐར་དུ་རྒྱལ་བ་བསྐལ་བཟང་རྒྱ་མཚོར་བཀའ་ཆོས་འབུལ་བར་ཕེབས་པའི་ལམ་བར་རབ་བྱུང་བསྒྲུབས།  མཚན་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་སྩལ།  དགུང་ལོ་བཅུ་དགུ་ལ་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད།  དགུང་ལོ་ཉེར་བདུན་ལ་རྗེ་ལྡན་སྨོན་ལམ་ཆེན་མོར་གྲྭ་བསྐོར་མཛད།  དེ་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང༌།  རྩ་བའི་བླ་མ་གྲུབ་དབང་འཇམ་དཔལ་རྒྱ་མཚོ་སོགས་བསྟེན་ནས་ཆོས་མང་དུ་གསན།   དགུང་ལོ་ཉེར་དགུ་ལ་དབུས་སུ་ཕེབས་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང༌།  ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་སོགས་མཇལ།  དགུང་ལོ་སུམ་ཅུ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།   དགུང་ལོ་ཞེ་དྲུག་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསེར་སྡོང་ལ་མཆོད་འབུལ་མཛད་ཕྱིར་རྗེ་སར་ཕེབས།  རྗེ་འདིས་གསུང་རྟེན་བཀའ་བསྟན་འགྱུར་སོགས་མང་དག་བཞེངས།  དགུང་ལོ་ཞེ་དགུ་སྟེ་ཆུ་རྟ་1762ལོ་ལ་གཤེགས།  དེའི་ཕྱིར་སྐབས་དེར་ཁོང་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་རང་བཞིན་གྱི་དོན་རྐྱེན་ཏེ“བཀའ་བློན་ནང་འཁྲུག”གི་དོན་རྐྱེན་ནང་དངོས་སུ་ཞུགས་མེད་ཀྱང་དེ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་གདོན་མི་ཟ་པས། དེ་ནི་“བཀའ་བློན་ནང་འཁྲུག”གི་དོན་རྐྱེན་དང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》གཉིས་ཀྱི་བྱུང་རིམ་དང་ཤུགས་བསྟན་གྱི་གནས་ཚུལ་མང་པོ་ཞིག་ལས་རྟོགས་ཐུབ། 
         དེ་ཡང་“བཀའ་བློན་ནང་འཁྲུག”གི་དོན་རྐྱེན་བྱུང་དོན་ནི། བཀའ་བློན་ཁང་ཆེན་ནས་དང་ང་ཕོག་པ། སྦྱར་ར་བ། ལུམ་པ་བ། ཕོ་ལྷ་བ་སོགས་ཀྱིས་མཉམ་འབྲེལ་ཐོག་བོད་ལྗོངས་ལ་དབང་སྒྱུར་བྱེད་པའི་ལོ་དྲུག་གི་དུས་ཚོད་ནང་ཁོ་ཚོའི་བར་འགལ་བ་ཛ་དྲག་བྱུང་ཡོད།  དེའི་རྒྱུ་མཚན་ནི་ཇུན་གར་ལ་ཕར་རྒོལ་བྱེད་འགོ་བརྩམས་པ་ནས་བཟུང་དེའི་ནང་གི་ཁང་ཆེན་ནས་དང་ཕོ་ལྷ་བ་གཉིས་ཀྱིས་གཙང་གི་སྟོད་ཁུལ་ལ་དབང་སྒྱུར་བྱེད་ཀྱི་ཡོད་པར་མ་ཟད། ཁོ་ཚོར་དམག་འཐབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དཔུང་སྟོབས་དང་ལྡན་ཞིང་། ང་ཕོག་པ་དང་། སྦྱར་ར་བ། ལུམ་པ་བ་བཅས་བཀའ་བློན་གསུམ་གྱིས་ལྷ་ས་གཙོ་ཡིན་པའི་དབུས་གྱི་ས་ཁུལ་བཟུང་ཡོད། ཁོ་ཚོས་དགའ་ལྡན་ཕོ་བྲང་སྲིད་དབང་ངམ་བོད་ས་གནས་སྲིད་གཞུབ་གི་ལྟེ་བའི་ས་ཆ་བཟུང་ཡོད་པ་བརྟེན་དབུས་ཀྱི་དཔོན་རིགས་གཙོ་བོ་ཚོའི་རྒྱབ་སྐྱོར་ཐོབ་པ་མ་ཟད། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཡབ་ཀྱིས་ལྐོག་ཏུ་རྒྱབ་སྐྱོར་གནང་ཡོད།  ཁོ་ཚོར་ཐོག་མཐའ་བར་གསུམ་དུ་དབུས་དང་གཙང་གཅིག་གྱུར་གྱི་ཆབ་སྲིད་དམིགས་ཡུལ་རྒྱ་ཆེན་པོ་ཡོད་མོད། གཙང་གི་ཁང་ཆེན་ནས་དང་ཕོ་ལྷ་བ་གཉིས་ནི་དེའི་འགོག་རྐྱེན་དུ་གྱུར་པས། ཁོ་ཚོས་གཙང་གི་བཀའ་བློན་གཉིས་ལྐོག་གསོད་བྱེད་པའི་གྲབས་བྱས།  དེ་བཞིན་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ལ་བལྟས་ན།  དེ་ཡང་རྒྱ་གར་འཕགས་ཡུལ་གྱི་དྲང་སྲོང་ལྷུང་བའི་རིའི་ཉེ་འདབས་གྲོང་ཁྱེར་ཆེན་པོའི་དྲུག་གི་ནང་ཚན་ཝ་ར་ཎ་སི་ན་ལྷ་སྣང་སྟོབས་ལྡན་ཟེར་བའི་རྒྱལ་བོ་ཞིག་ཡོད་པ་དེའི་སྟོབས་འབྱོར་མངའ་ཐང་ལྡན་རུང་། རྒྱལ་ཁུངས་སུ་སྟོང་དཔོན་ཡན་ཤེ་ཡིས་མཚོན་པའི་བདུད་བློན་དང་ཡ་ཚི་ཡིས་མཚོན་པའི་ཆོས་བློན་སོགས་ཆབ་སྲིད་ཀྱི་སྟོབས་ཤུགས་གཏན་ནས་མི་འདྲ་བ་གཉིས་བྱུང་ཡོད་པས། ཡ་ཚི་ཡི་བུ་ཡེ་ཤེས་འཛིན་ནི་རྒྱལ་སྲས་ཆོས་ཀྱི་དགའ་བའི་བློ་ལ་བབས་ཤོས་ཀྱི་རྩེད་རོགས་སུ་གྱུར་རྗེས། སྟོང་དཔོན་ཡམ་ཤེ་ཡིས་གཡོ་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་བུ་ལན་ག་ཨ་ན་རྒྱལ་སྲས་ཀྱི་ཆུང་བློན་དུ་བསྐོས་པས། སྔར་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་མི་འདྲ་བ་གཉིས་ཀྱི་འགལ་བ་རྙོག་དྲ་ཅན་དུ་བཏང་།  ཡུམ་མ་ཏ་མཧ་ནི་ཡིས་བཀོད་སྒྲིག་དེར་མོས་མཐུན་གཏན་ནས་མ་བྱས། དྷརྨ་དང་དྷརྨི། ཡེ་ཤེས་འཛིན་སོགས་ཆོས་བློན་གསུམ་གྱིས་གནས་ཚུལ་དེ་གོ་རྗེས། གསང་བའི་སྒོ་ནས་དྷརྨིའི་ཁྱིམ་དུ་འཛོམས་ནས་བདུད་བློན་ཡམ་ཤེ་ལྐོག་གསོད་བྱེད་རྩིས་བྱས། 
         དེར་བལྟ་ན།  གོང་གསལ་གྱི་“བཀའ་བློན་ནང་འཁྲུག”གི་ལོ་རྒྱུས་དོན་རྐྱེན་དང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ཀྱི་ནང་གི་གཏམ་རྒྱུད་གཉིས་ནི་ཆད་སྲིད་སྟོབས་ཤུགས་མི་འདྲ་བ་གཉིས་ཀྱི་འཐབ་རྩོད་བསྟན་པ་མཚུངས་ཀྱང་། ཁོ་ཚོའི་རེ་འདོད་ཚང་མ་མི་འདྲ་བས་ཕན་ཚུན་བར་དུ་ཐད་ཀའི་འབྲེལ་བ་མེད་པ་སྣང་མོད། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ནང་རྩོམ་པ་པོས་གཏན་འཁེལ་བྱས་པའི་མི་སྣ་ཚང་མར་མཛུབ་མོ་བཙུགས་ས་ཡོད་པ་དཔེར་ན། རྒྱལ་བོའི་རྒྱབ་རྩ་དེ་རྒྱལ་དབང་སྐལ་བཟུང་རྒྱ་མཚོའི་ཡབ་དང་། དྷརྨ་དང་དྷརྨི། ཡེ་ཤེས་འཛིན་སོགས་ཆོས་བློན་གསུམ་པོ་བཀའ་བློན་ང་ཕོག་པ་དང་སྦྱར་ར་བ། ལུམ་པ་བ་བཅས་དང་། སྟོང་དཔོན་ཡམ་ཤེ་ནི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་མཚོན་པ་ཡིན་པའི་དབང་དུ་བཏང་ན་དེའི་ཕུགས་སུ་སྟེས་དབང་དང་རྐང་བཙུགས་ནས་བཀོད་སྒྲིག་བྱེད་པའི་གསང་བའི་ཆ་མང་པོ་ཞིག་རྟོགས་མི་ཡོང་ངམ།
         “བཀའ་བློན་ནང་འཁྲུག”གི་ཁྲོད་དུ་བོད་སྡེ་བ་གཞུང་གི་ཕྱོགས་ནས་གསང་བའི་སྒོ་ནས་མན་ཛིའི་གོང་མ་ཡུང་ཊིང་ལ་བཀའ་བློན་རྣམ་པ་ཕན་ཚུན་འཆམ་མཐུན་མིན་པའི་གནས་ཚུལ་སྙན་གསེང་ཞུས་པ་རེད།  དོན་དག་དེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཡབ་དང་འབྲེལ་བ་ཡོད་སྟབས་གོང་མས་བློན་ཨ་ལི་ཧན་གསང་བའི་སྒོ་ནས་བོད་དུ་མངགས་ནས་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ཐག་གཅོད་དགོས་པའི་བཀའ་གནང་།  གནས་ཚུལ་དེ་ལྷ་སར་འབྱོར་རྗེས་དེ་སྔའི་དབུས་ཀྱི་བཀའ་བློན་གསུམ་གྱིས་གཙང་གི་བཀའ་བློན་གཉིས་གསོད་པའི་འཆར་གཞི་སྔོན་ལ་ལག་བསྟར་བྱ་རྒྱུ་གྲོས་འཆམས། ཆབ་སྲིད་ལ་མཁས་པའི་ཕོ་ལྷ་བས་སྔ་མོ་ནས་སྲིད་འགྱུར་ཡོང་བ་ཚོར་བས་ཆེད་དུ་ལུས་ལ་སྙུན་གཞི་ཡོད་པར་ཁ་གཡར་ནས་ཕྱིར་གཙང་དུ་ཕེབས། ཕྱིས་སུ་པའི་སེ་ཁང་ཆེན་དང་ཞབས་འབྲིང་ཁ་ཤས་ཁོ་ཚོས་བསད་པ་དང་ཆབས་ཅིག་ཡང་གཙང་ལ་དམག་བཏང་སྟེ་ཕོ་ལྷ་བ་གསོད་རྒྱའི་གྲབས་བྱས། ཕོ་ལྷ་བས་སྔ་མོ་ནས་བཀོད་སྒྲིག་བྱས་པའི་གསང་ཉུལ་བའི་གསང་འཕྲིན་འབྱོར་རྗེས། ཁོས་བསམ་གཞིགས་ནན་ཏན་བྱས་རྗེས་དམག་དྲངས་ཏེ་རྒོལ་ལན་སྤྲོད་རྩིས་བྱས་པར་མ་ཟད། ས་སྤྲེལ་ལོའི(སྤྱི་ལོ་1728ལོ)བོད་ཟླ་5ཚེས་26ཉིན་དམག་བཏང་ནས་ལྷ་སའི་གྲོང་ཁྱེར་ཡོངས་བཙན་བཟུང་བྱས་པ་མ་ཟད། དེ་སྔའི་ཁོ་དང་ཆབ་སྲིད་ཀྱི་བློ་མི་མཐུན་པའི་བཀའ་བློན་གསུམ་འཛིན་བཟུང་བྱས་པ་རེད།  སྐབས་དེར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སོགས་དེ་སྔའི་བོད་ཀྱི་མཐོ་རིམ་མི་སྣ་ཚང་མས་ཕོ་ལྷ་བ་ལ་བཀའ་བློན་གསུམ་གྱི་སྲོག་ཁྲིམས་མི་གཅོད་པའི་རེ་བ་ནན་ཞུ་བྱས་མོད། འོན་ཀྱང་ཕོ་ལྷ་བས་ད་ནི་གནམ་བསྐོས་གོང་མར་ཐག་གཅོད་བྱེད་དུ་འཇུག་རྒྱུ་ལས་ཐབས་གཞན་མེད་ཅེས་བཤད་ཡོད།  བརྩམས་སྒྲུང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ནང་གི་ཆོས་བློན་གསུམ་གྱིས་གསང་གྲོས་བྱེད་པ་དེ་སྟོང་དཔོན་ཡམ་ཤེ་ཡིས་མངགས་པའི་གསང་ཉུལ་བས་གོ་བས། སྟོང་དཔོན་ཡམ་ཤེ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དོན་དག་དེ་རྒྱལ་པོར་སྙན་གསེང་འབུལ་བ་མ་ཟད། ད་དུང་ཆོས་བློན་གསུམ་གྱིས་གྱེན་ལོག་བྱེད་པ་མ་ཟད། རྒྱལ་པོའི་གོ་གནས་རག་ཐབས་བྱེད་བཞིན་ཡོད་ཅེས་སྐུར་འདེབས་བྱས་པས་ན། རྒྱལ་པོ་ཡིད་ཆེས་བྱེད་ཀྱི་མེད་མོད་། འོན་ཀྱང་ཁོས་བྱ་ཐབས་སྣ་ཚོགས་སྤྱད་ནས་རྒྱལ་པོར་གོ་སྐོན་བློ་འགུག་བྱས་ཏེ་ཆོས་བློན་གསུམ་གསང་བའི་སྒོ་ནས་འཛིན་བཟུང་བྱས།  ཆོས་བློན་གསུམ་གྱིས་སྟོང་དཔོན་ཡམ་ཤེ་གསོད་གྲབས་བྱེད་པ་དང་ང་ལུམ་སྦྱར་གསུམ་གྱིས་ཕོ་ལྷ་བ་གསོད་གྲབས་བྱེད་པའི་བྱུང་རིམ་ནི་ཤིན་ཏུ་མཚུངས་ཤིང་། ཐ་ན་སྟོང་དཔོན་ཡམ་ཤེ་དང་ཕོ་ལྷ་བས་གསང་ཉུལ་བ་བཀོད་སྒྲིག་བྱེད་སྟངས་ཀྱང་ཕལ་ཆེ་མཚུངས། བརྩམས་སྒྲུང་དེའི་ནང་དུ་ཆབ་སྲིད་དཔུང་ཁག་གཉིས་ཀྱི་བར་དུ་ཁྲག་གིས་འཚོས་པའི་འཐབ་རྩོད་མང་པོ་ཞིག་བྱུང་བ་བྲིས་མེད་མོད། སྟོང་དཔོན་ཡམ་ཤེ་ཡིས་ཇི་ལྟར་བྱས་ནས་ཆོས་བློན་གསུམ་ཁྲིམས་ལ་སྦྱར་བའི་གནས་ཚུལ་དེ་ནི་གལ་ཧ་ཅང་ཆེན་པོ་ཆགས་ཡོད། ཡིན་ནའང་རྩོམ་པ་པོས་དེ་དག་གི་བརྒྱུད་རིམ་གསལ་བོ་བྲིས་མེད་པར་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བསྟར་བ་ནི་ཆོས་བློན་གསུམ་གྱི་སྐེ་ལ་ལྕག་ཐག་བརྒྱབ་ནས་ཁྲོམ་སྐོར་བྱེད་པ་དང་རྒྱང་འབུད་དུ་བཏང་བའི་གནས་ཚུལ་ཞིག་རེད།  དེ་ན་རྩོམ་པ་པོས་ཅིའི་ཕྱིར་བརྩམས་སྒྲུང་གི་བྱུང་རིམ་འདི་ལྟར་བྲིས་པ་རེད་ཅེ་ན་ཁོས་བཀའ་བློན་ནང་འཁྲུག་གི་དོན་རྐྱེན་དེ་ཤུགས་སུ་བསྟན་པ་ལས་དེ་གཉིས་བར་ལ་མཚུངས་རྟགས་བརྒྱབ་ན་མི་འདོད་པས་རེད། རྩོམ་པ་པོ་ལ་ཐོག་མ་ཉིད་ནས་བཀའ་བློན་ནང་འཁྲུག་གི་དོན་རྐྱེན་དེ་ཇི་མ་ཇི་བཞིན་དུ་མཚོན་པའི་འདུན་པ་ཡོད་ཀྱང་། སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་བབ་འོག་མཐོ་རིམ་དབང་བསྒྱུར་གྲལ་རིམ་གྱིས་དང་ལེན་བྱེད་དཀའ་བ་མ་ཟད། ཐ་ན་རྩོམ་པ་པོའི་ཚེ་སྲོག་ལ་ཉེན་ཁ་ཡོད་སྲིད་པས། ཁོས་དོན་རྐྱེན་དེ་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ལྟ་བུའི་རབ་རྟོག་གི་ཐབས་ལམ་བརྒྱུད་ནས་བྲིས་བའི་དགེ་བ་ཡང་དེ་ཡིན་ཤོས་ཆེ། 
         “བཀའ་བློན་ནང་འཁྲུག”གི་དོན་རྐྱེན་ཁྲོད་ཕོ་ལྷ་བས་ང་ལུམ་སྦྱར་གསུམ་ཁྲིམས་ལ་གཏུགས་པས་རྒྱལ་དབང་བསྐལ་བཟང་རྒྱ་མཚོས་གཙོས་བོད་ཀྱི་མཐོ་རིམ་མི་སྣས་མན་ཛིའི་གོང་མ་ལ་དེའི་ནང་ཞུགས་མཁན་ཁ་ཤས་ཀྱི་ཉེས་པ་དང་ཉེས་ཆད་རྩ་ཡང་གཏོང་རྒྱུའི་རེ་བ་བཏོན་མོད། དང་ལེན་མ་བྱེད་པར་ཚང་མའི་སྐེ་བྲེགས།  བརྩམས་སྒྲུང་དུ་རྒྱལ་ཡུམ་མ་ཏ་མཧ་མ་ཧ་ནི། རྒྱལ་སྲས། བཙུན་མོ་ངེས་ལེགས་སོགས་ཀྱིས་རྒྱལ་བོས་ཆོས་བློན་གསུམ་ཁྲིམས་ལ་སྦྱར་བ་ཤེས་མེད་ཅིང་། ཆོས་བློན་གསུམ་ཁྲོམ་སྐོར་བྱེད་པ་རིག་པས་ད་གཟོད་གནས་ཚུལ་ཛ་དྲག་ཏུ་གྱུར་པ་རྟོགས། རྒྱལ་སྲས་ཀྱིས་ཡབ་རྒྱལ་པོར་ཁ་ཏ་སློབ་གསོ་བཏང་ནས་ཆོས་བློན་གསུམ་ལ་གུ་ཡངས་གཏོང་རྩིས་བྱས་མོད། འོན་ཀྱང་རྒྱལ་ཡུམ་མ་ཏ་མཧ་མ་ཧ་ནི་ཡིས་རེ་བ་མེད་པ་ཤེས་པས་རྒྱལ་སྲས་བཀག་འགོག་བྱས་ཤིང་ཁོ་ཚོས་ཆོས་བློན་གསུམ་རྒྱང་འཕུད་བཏང་བའི་ལམ་དུ་ཏབས་ཅིག་རིང་སྐྱེལ་མ་བྱས། རྒྱལ་སྲས་ཆོས་ཀྱི་དགའ་བ་ཁོང་ཕྱི་ཉིན་གཞི་ནས་ཡབ་རྒྱལ་པོའི་ཕོ་བྲང་དུ་བཅར་ནས་ཡབ་རྒྱལ་པོར་མི་འདོད་པའི་རྣམ་འགྱུར་བསྟན། གནས་ཚུལ་དེ་ནི་རྩོམ་པ་པོས་རྐང་བཙུགས་ནས་ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་ལས་གཡོལ་ནས་རྟོག་བཟོ་བྱས་པའི་གྲུབ་ཆ་མང་དུ་བཏང་བ་ཞིག་ཡིན་ཤས་ཆེ།  ཡིན་ནའང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ནང་གི་ཆོས་བློན་གསུམ་སྲང་ནས་ཁྲོམ་སྐོར་བྱས་པའི་གནས་ཚུལ་དང་《མི་དབང་རྟོགས་བརྗོད་》ནང་གི་བཀའ་བློན་གསུམ་ཁྲོམ་སྐོར་བྱས་པའི་གནས་ཚུལ་ཧ་ལམ་གཅིག་འདྲ་རེད།  《མི་དབང་རྟོགས་བརྗོད་》དུ་“དེ་ནས་ཉེས་ཅན་ཀུན་རིམ་པ་བཞིན་དུ་ཁྲིད་ནས་ལུས་གཅེར་བུར་ཕྱུངས་ཏེ་ཧྲེང་ཧྲེང་པོར་བྱས། དཔུང་བ་ཕུད་དེ་ལག་པ་ཕྱིན་ཅི་ལོག་ཏུ་བཅིངས་ནས་མགྲིན་པ་ཁྲུང་ཁྲུང་ལྟར་རིང་བ་དང་། ཁ་སྒོ་ལ་ཤིང་གླེགས་བཀོད་ཅིང་། རྒྱབ་ཏུ་ཤོག་བུའི་ཅོད་པན་བཙུགས་ནས་……དཔུང་ཚོགས་དེ་དག་གིས་བསྐོར་བཞིན་པར་ཁྲིད་ནས་བ་མ་རིའི་འགྲམ་ངོགས་ཀྱི་ནེའུ་གསེང་གི་གཞིར་ཀ་ཤའི་གུར་ཁང་མངོན་པར་ཕུབ་པ་ལ་སྟན་བཤམས་ཏེ་པི་ཅིང་གི་དཔུང་གཙོ་བོ་འགའ་ཞིག་འདུག་ཅིང་། མིའི་བདག་པོ་འཁོར་དང་བཅས་པའང་གཟིགས་མོར་གཤེགས་སུ་གསོལ་ཞེས་ཨ་ལི་ཨམ་པས་བཀའ་གནངས། ”ཞེས་བྲིས་ཡོད། ཡང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ནང་དུ་“ནང་པར་ཁྲིམས་ཀྱི་རྔ་བརྡུངས་ཤིང་དུང་བུས་པར་སྐྱེ་བོ་མང་པོའི་ཁྲོམ་འཚོགས་པའི་ཚེ། གློ་བུར་དུ་ཆོས་བློན་གསུམ་བཟུང་སྟེ། ལུས་གཅེར་བུ་བྱས། ཡན་ལག་རྣམས་ཐག་པས་བསྡམས། མགུལ་དུ་ཐག་པ་བཏགས་ཤིང་མིས་ཁྲིད་དེ་ཕོ་བྲང་གི་མཐའ་བསྐོར་བའི་ཚེ། ཕོ་བྲང་གི་མདུན་དུ་སྐྱེ་བོའི་ཁྲོམ་གྱི་དབུས་སུ་རྒྱལ་བློན་རྣམས་དྲག་པོའི་ཆས་ཀྱིས་སྤྲས་ནས་བཞུགས་་་་་” ཞེས་བྲིས་ཡོད་པས། གལ་ཏེ་འདིར་བཤད་པའི་རྒྱལ་ཡུམ་མ་ཏ་མཧ་ནི་དང་རྒྱལ་སྲས། བཙུམ་མ་ངོས་ལེགས་སོགས་ནི་རྒྱལ་དབང་སྐལ་བཟང་རྒྱ་མཚོ་དང་བཀའ་ཤག་སྲིད་གཞུང་གི་མཐོ་རིམ་མི་སྣ་གབ་སྟོན་བྱས་པ་ཡིན་ན། རྒྱལ་པོ་ནི་མན་ཛའི་གོང་མ་ཡོང་ཊིང་ཡིན་པ་ཆ་འཇོག་བྱས་ཆོག་པས། བརྩམས་སྒྲུང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》གྱི་ནང་དུ་མཚོན་པ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་ཞིག་ཡིན་པ་མ་ཟད། སྒོག་པའི་ཤུན་པ་བཤུས་པ་བཞིན་རིམ་པ་རེ་རེ་བཞིན་བྲིས་བ་ཞིག་ཀྱང་རེད། དེ་ལས་བཀའ་ཤག་གམ་བོད་ས་གནས་སྲིད་གཞུང་དང་མན་ཛི་རྒྱལ་རབས་དབར་གྱི་འབྲེལ་བ་སོགས་བསམ་བློ་གཏོང་རིན་ཡོད་པའི་ཆབ་སྲིད་ཀྱི་དོན་དག་མང་པོ་ཞིག་ཚོར་ཐུབ། གང་ལྟར་རྩོམ་པ་པོ་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་སེར་མོ་བ་ཞིག་ཡིན་ཡང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་ནས་རང་གི་དགོངས་པ་མེད་མཁན་ཞིག་གཏན་ནས་མིན་པས། མཁྱེན་ལྡན་རྣམས་ཀྱིས་བློ་གཟུར་བོའམ་རིག་པ་གྲིམ་པས་བརྩམས་སྒྲུང་འདི་ལ་མྱོང་རོལ་གྱིས་དང་རང་ཤུགས་སུ་མཁྱེན་ངེས། 
         གོང་གི་བོད་ཀྱི་རབ་རྟོག་བརྩམས་སྒྲུང་ཁག་ལ་དབྱེ་ཞིབ་བྱས་ན། བརྩམས་ཆོས་དེ་དག་གི་ནང་དུ་མི་སྒེར་གྱི་གནས་ཚུལ་དང་ལོ་རྒྱུས་མི་སྣའི་ལས་དབང་། ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་སོགས་བརྗོད་དོན་མང་པོ་མཚོན་ཡོད་པས་བརྩམས་ཆོས་དེ་དག་ལ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་ཡོད།  ཀེང་ཡུས་ཧྥང་གིས“རྩོམ་པ་པོ་ཚང་མར་རྩོམ་འབྲི་བའི་འདུན་པ་ཆེན་པོ་ཡོད་ལ་རང་ཉིད་ཀྱི་བརྩམས་ཆོས་འཛམ་གླིང་ལ་ཡོངས་བསྒྲགས་བྱས་ནས་རྒྱ་ཆེའི་ཀློག་པ་པོར་རང་གིས་ཞིབ་ཚགས་ངང་བཟོས་པའི་ལག་རྟགས་འདི་ཉམས་སུ་བཞེས་པའི་འདོད་པ་ཡོད་སྲིད།  དམིགས་ཡུལ་དེ་འགྲུབ་ཆེད། སུས་ཀྱང་དབང་འཛིན་མཁན་གྱི་སྲ་གཟེར་ལ་རེག་མི་སྲིད་པར། ཁོ་ཚོས་ཐབས་ཤེས་ལ་བརྟེན་ནས་དབང་འཛིན་མཁན་གྱི་ལག་ནས་དཔེ་སྐྲུན་གྱི་གོ་སྐབས་འཐོབ་ཏུ་འཇུག་ཐུབ་པར་མ་ཟད། རང་ཉིད་ཀྱི་སེམས་སུ་བཤད་འདོད་པའི་སྐད་ཆ་རྣམས་བཤད་པ་དང་རང་གི་བརྩམས་ཆོས་ལ་བརྟེན་ནས་ཀློག་པ་པོ་རྣམས་ལ་ཚོན་མདངས་རྣམ་པར་བཀྲ་བའི་སྟོང་ཆེན་པོའི་འཇིག་རྟེན་ཤེས་སུ་འཇུག་བཞིན་ཡོད།  དེའི་ཕྱིར་རྩོམ་པ་པོས་ཀྱག་ཀྱོག་གི་སྒོ་ནས་དངོས་ཡོད་མཚོན་པར་བྱེད་པའི་རྩོམ་འབྲིའི་ལག་ཐབས་སྤྱད་པ་ནི་གདམ་ག་ཡག་པོ་ཞིག་ཡིན་སྲིད”ཅེས་གསུང་བ་ལྟར།  བོད་ཀྱི་སྲོལ་རྒྱུན་རང་རྟོག་བརྩམས་སྒྲུང་གི་རྩོམ་པ་པོ་རྣམས་ཀྱིས་བརྩམས་ཆོས་འདི་དག་གསར་རྩོམ་བྱེད་པའི་ཀུན་སློང་ནི་དམིགས་བསལ་ཅན་ཡིན་ཏེ།  བརྩམས་ཆོས་དེ་དག་གི་རྩོམ་པ་པོ་མང་ཆེ་བ་ནི་སེར་མོ་བ་ཡིན་པས།  ཁོང་ཚོས་དངོས་ཡོད་ཀྱི་གནས་ཚུལ་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དག་རང་ཉིད་ཀྱི་གསར་རྩོམ་གྱི་བརྗོད་བྱར་འབྲི་འདོད་མེད་པར་མ་ཟད།  དེ་ལ་བརྟེན་ནས་མཚན་སྙན་གྲགས་དང་རྒྱུ་འབྱོར་བ་། ཐོབ་གོ་ས་སོགས་ཐོབ་པའི་འདུན་པ་གཏན་ནས་མེད་པས། རྟག་པར་དགོས་བ་གང་རུང་གི་ཆེད་དུ་རྩོམ་ལུགས་འདྲ་མིན་དང་ལྷག་པར་དུ་བརྩམས་སྒྲུང་འབྲི་དུས་རང་ཉིད་ཀྱི་མིང་ངོ་མ་ཡང་བཀོད་མེད་མོད། བརྩམས་སྒྲུང་དེ་དག་གི་བྱུང་རིམ་ཁྲོད་ནས་ང་ཚོས་རིན་ཐང་ལྡན་པའི་ལོ་རྒྱུས་ཀྱི་དཔྱད་ཡིག་མང་པོ་ཞིག་འཚོལ་ཞིབ་ཐུབ་ཅིང་། དེ་དག་བོད་ཀྱི་རྩོམ་རིག་སྤྱི་དང་རིག་ཚན་མང་པོའི་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དེ་དག་ལ་ང་ཚོས་རྒྱུས་ལོན་གཏིང་ཟབ་པ་བྱས་ཚེ་བོད་ཀྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཚོ་བར་ཞིབ་འཇུག་བྱ་རྒྱུར་ཕན་པ་ཆེན་པོ་ཡོད་སྲིད་དོ། །