ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རྫོཊ་ཆེན་དུ་གེ་སར་སྐོར་གྱི་འཁྲབ་སྟོན་འདི་འདྲ་ཞིག་བྱས།

སྤེལ་དུས 2021-07-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         སྡེ་དགེ་རྫོང་ཨུད་དང་རྫོང་སྲིད་གཞུང་། རྫོང་ཨུད་དྲིལ་བསྒྲགས་པུའུ། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱིས་ཐུགས་ཁུར་གནང་བ་དང་། རྫོགས་ཆེན་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་། རྫོགས་ཆེན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྒྱབ་སྐྱོར་གནང་བར་བརྟེན་ནས། སྡེ་དགེ་རྫོགས་ཆེན་གླིང་གེ་སར་ཟློས་གར་མཐུན་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་གླིང་གེ་སར་གྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆེད་དུ། ཟླ་བ་བདུན་པའི་ཚེས་ཉེར་ལྔ་ཉིན་རྫོགས་ཆེན་ལ་གླིང་གེ་སར་གྱི་ཟློས་གར་འཁྲབ་སྟོན་སྒྲིག་འཛུགས་བྱས་ཡོད།
 
    
         སྤྱི་ཚེས་25ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་ཡི་སྟེང་དུ་གེ་སར་གར་འཆམ་གྱི་མགོ་བརྩམས་པ་དང་། ཚོགས་ར་ཡོངས་སུ་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ཀྱིས་ཁེངས་ཡོད། གེ་སར་གར་འཆམ་གྱི་གོ་རིམ་ནི་སྔ་དྲོ་ལེ་ཚན་བདུན་དུ་ཕྱེས་ཤིང་དང་པོ་གླིང་གི་མ་སྲུ་མོ་སྨན་དང་དེ་ནས་དགྲ་ལྷ་ཝེར་མའི་ཚོགས། རིམ་བཞིན་གླིང་ལྷའི་སྐོར་དང་དཔའ་རྟུལ་ཞི་རྒྱས་དབང་དྲག་སོགས་རྒྱས་པར་འཆམ་པ་དང་། ཕྱི་དྲོ་བསྡོམས་པས་ལེ་ཚན་བཞི་རུ་ཕྱེས་ནས་དང་པོ་དང་གཉིས་པ་ནི་གླིང་གི་ལྷ་ཚོགས་དང་དཔའ་རྟུལ་མང་འཆམ། དེ་མིན་མོ་སྨན་ཚོགས་ཡིན་ལ།  ལེ་ཚན་གསུམ་པ་དང་བཞི་པ་ནི་སྟོང་ཉིད་ལྷ་མོ་བརྒྱད་ཀྱི་གར་འཆམ་དང་རླུང་རྟའི་སྐོར་བཅས་ནང་གསེས་འཆམ་ཚན་བརྒྱད་དུ་ཕྱེ་ནས་འཆམ་པ་རེད། 

 
 
          གླིང་དཔའ་རྟུལ་སོ་སོའི་ཞལ་འབག་དང་། འཆམ་གོས། རྒྱན་ཆ། ཕྱག་མཚན་ཡོ་བྱད་སོགས་རེ་རེ་ནས་གནའ་བོའི་གླིང་གི་མི་སྣའི་དཔེ་བྲིས་སུ་མཐུན་ལ་ཕལ་ཆེ་བ་ཁོང་གི་དག་སྣང་གིས་འཆར་འགོད་མཛད་པ་དང་གཏེར་མ་ཡང་ཡོད་པ་རེད། གེ་སར་རིག་གནས་ཀྱིས་ཁམས་སྡེ་དགེའི་ལོ་རྒྱུས་རིག་གནས་ཀྱི་ཁྱབ་ཁོངས་ནང་གནས་བབ་ཆེན་པོ་བཟུང་ཡོད། དམངས་ཁྲོད་དུའང་ངག་རྩོམ། སྒྲུང་དེབ། འབག་བཟོ། གླིང་གི་མི་རྟའི་ཞབས་རྗེས་སུ་གྲགས་པ་སོགས་མང་པོ་ཡོད་པ་རེད། ད་ལྟའི་བར་ལོ་ལྟར་དུ་མདོ་ཁམས་རྫོགས་ཆེན་དགོན་དུ་གླིང་གེ་སར་རྒྱལ་པོ་དགྲ་ལྷ་ཝེར་མའི་དཔུང་ཚོགས་དང་དཔའ་རྟུལ་ཕུ་ནུའི་གར་འཆམ་རླུང་རྟ་སྡེ་བཞི་དང་བཅས་གནའ་དུས་བཞིན་འཆམ་སྲོལ་ཡོད་པ་ཡིན་ནོ། 

 

རྩོམ་སྒྲིག་པ། སྣང་རྡོར།