ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སྐུ་དཀར་གསོལ་རྗེས་ཀྱི་ཕོ་བྲང་པོ་ཏཱ་ལའི་ཉམས་འགྱུར་ལ་་་་་

སྤེལ་དུས 2021-10-19 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          སྤྱི་ཟླ་༡༠ཚེས་༡༧ཉིན་ནས་བཟུང་ཕོ་བྲང་པོ་ཏཱ་ལའི་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་བའི་དུས་ཚོད་བསླེབས་པ་རེད། ལོ་ལྟར་ལྷ་བབ་དུས་ཆེན་མ་ཟིན་གོང་ཕོ་བྲང་པོ་ཏཱ་ལར་སྐུ་དཀར་གསོལ་གི་ཡོད། 

       དེར་བརྟེན། བོད་ཀྱི་སེར་སྐྱ་མང་ཚོགས་ཚོས་རྒྱུན་སྲོལ་ལྟར་ལྷ་བབ་དུས་ཆེན་གོང་དུ་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་གི་སྐུ་དཀར་གསོལ་བ་དང་། དེའི་རྗེས་དགོན་སྡེ་ཁག་ལ་སྐུ་དཀར་གསོལ་བ་དང་མང་ཚོགས་ཀྱི་ཁང་ཁྱིམ་དག་ལ་དཀར་རག་བྱུག་གི་ཡོད། 



 
      ལོ་རེའི་ཕོ་བྲང་པོ་ཏཱ་ལའི་སྐུ་དཀར་གསོལ་སྐབས་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་དེ། ན་ནིང་ཕོ་བྲང་པོ་ཏཱ་ལའི་དཀར་རག་ནང་སྦྲང་རྩི་དང་འོ་མ་བསྲེས་པའི་གསར་འགྱུར་དེ་ཚང་མའི་དོ་སྣང་བྱེད་གཞི་ཞིག་ལ་གྱུར་ཡོད། ད་ལོའི་ཕོ་བྲང་པོ་ཏཱ་ལའི་སྐུ་དཀར་གསོལ་བའི་དུས་ཚོད་དང་བོད་དུ་དགུན་དུས་ཡུལ་སྐོར་ཡོང་བའི་དུས་ཚོད་གཉིས་ཏག་ཏག་འཁེལ་ཡོད། ཡུལ་སྐོར་བ་ཚོས་གྲལ་རིང་པོ་བསྒྲིགས་ཏེ་སྐུ་དཀར་གསོལ་བའི་དམངས་སྲོལ་དེ་ཉམས་སུ་མྱོང་ཐུབ།
 
         ད་ལོའི་ཕོ་བྲང་པོ་ཏཱ་ལའི་སྐུ་དཀར་ཤར་དང་བྱང་ནས་འགོ་བཙུགས་ཡོད་ཅིང་། སྤྱི་ཟླ་༡༠ཚེས་༡༧ཉིན། སྔ་པོ་ནས་ཤར་གྱི་ཕོ་བྲང་དཀར་པོའི་ཕྱིར་དཀར་རྩི་སྤུང་གསོག་བརྒྱབ་ཡོད་པ་དང་། དཀར་རག་སྦྱང་བའི་ལས་ཀ་དེ་ནས་འགོ་བརྩམས་པ་རེད།

          ཤེས་རྟོགས་བྱུང་བར་ལྟར་ན། དཀར་རྩིའི་ནང་འོ་མ་དང་། འོ་རྩམ། སྦྲང་རྩི། བྱེ་མ་ཀ་ར། ཁ་ཆེ་ཤ་སྐམ་བསྲེས་ནས་སྐུ་དཀར་གསོལ་གྱི་ཡོད་ཅིང་། རྒྱུ་ཆ་དེ་དག་ལ་བརྟེན་ནས་ཕོ་བྲང་པོ་ཏཱ་ལ་ནི་འཛམ་གླིང་སྟེང་འོ་མའི་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་དྲི་ལྡན་གྱི་ཕོ་བྲང་གཅིག་པུ་དེར་གྱུར་བ་ཡིན། 




         སྐུ་དཀར་གསོལ་མཁན་དགུང་ལོ་མཐོ་ཤོས་༧༠ཉེ་བ་དང་ཆུང་ཤོས་ལོ་བཅུ་ལ་སོན་ཙམ་ཡོད་ལ། ཁག་ཅིག་སྐུ་དཀར་གསོལ་ནས་ལོ་ཉི་ཤུ་སོང་བ་དང་ལ་ལ་ད་ལོ་ཐེངས་དང་པོ་ཡིན་པ་རེད། ཕོ་མོ་རྒན་གཞོན་གང་ཡིན་རུང་ཚང་མའི་དམིགས་ཡུལ་ནི་ཕོ་བྲང་པོ་ཏཱ་ལའི་བརྗིད་ཉམས་སྔར་བས་ཇེ་ཆེར་དང་དེ་བས་སྲ་ཞིང་བརྟན་ལ་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་བ་བྱ་རྒྱུ་དེ་རེད། 
རྩོམ་སྒྲིག་པ། སྣང་རྡོར།