ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རང་ཤི་རྒྱག་རྩིས་བྱེད་མཁན་གྱི་བུད་མེད་ཅིག་གི་སྲོག་བསྐྱབས་འདུག

སྤེལ་དུས 2021-07-26 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཟླ་7ཚེས་19ཉིན་གྱི་ཆུ་ཚོད་17ཙམ་ལ་གླིང་རྒྱུད་ལྷོ་ལམ་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ། ལས་རོགས་ཉེན་རྟོག་པའི་ཁ་པར་འབྱོར་ནས། “བུད་མེད་ཅིག་སྐྱིད་ཆུའི་ནང་དུ་ཡུན་རིང་འཛུལ་ནས་བསྡད་སོང་བས། ངའི་བསམ་པར་ཁོ་མོ་རང་ཤི་རྒྱག་རྩིས་ཡོད་པ་འདྲ། མགྱོགས་པོ་རོགས་པ་བྱེད་པར་ཡོང་རོགས”ཞེས་བརྗོད།
          ཉེན་རྟོག་པས་མང་ཚོགས་ཉེན་ཁ་ལས་སྒྲོལ་བ་ནི་འགན་འཁྲི་རེད་ལ། མང་ཚོགས་ཀྱི་བདེ་སྡུག་གང་ལས་ལྷག་པར་འཛིན་པ་ནི་ལས་ཀའི་གཙོ་གནད་ཡིན་པར་བསམས་ནས། སྐྱིད་རས་མངགས་གཏོང་ཁང་གི་སྡེ་ཁུལ་ཉེན་དོན་ཡན་ལག་རུ་ཆུང་གཉིས་པའི་གླིང་རྒྱུད་ལྷོ་ལམ་གྱི་ལས་སྒྲུབ་ཉེན་རྟོག་པ་དེ་མ་ཉིད་དུ་སྐྱིད་ཆུའི་ངོགས་སུ་བསྐྱོད། དེ་གར་ཡོད་པའི་ལས་རོགས་ཉེན་རྟོག་པ་དོན་གྲུབ་རྡོ་རྗེས་ལས་རོགས་ལ་གནས་ཚུལ་གསལ་བཤད་རྒྱག་ཀྱིན་བྱ་འཕུར་བ་ལྟར་ཆུ་ནང་དུ་བུད་མེད་སྐྱོབ་པར་སོང་བ་རེད།

   དེའི་སྐབས་སུ་ཆུས་བུད་མེད་དེ་སྣུབ་ལ་ཉེ་བས། གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་ཅིང་། དོན་གྲུབ་རྡོ་རྗེའི་རྗེས་སུ་ཡོང་མཁན་ཀྲོའུ་ལི་ཅེ་དང་ལུའོ་ཆང་གཉིས་པོས་ད་དུང་སྦྲུམ་མ་རེད་ཅེས་ཁོ་པར་གསལ་བཤད་བྱས། དེ་རྗེས། ཁོ་པས་ཆུ་བོའི་གྲང་ཟུག་ལ་མ་འཛེམས་པར་མཆོངས་ནས་རང་ཤི་རྒྱག་རྩིས་བྱེད་མཁན་གྱི་བུད་མེད་དེའི་ཕྱོགས་སུ་ཆུ་བརྒལ་ཏེ། ཁོ་མོ་ཤུགས་ཀྱིས་བཟུང་ནས་ཆུ་ཁར་མགྱོགས་མྱུར་འཐེན་དགོས་བསམས་རུང་། ལུས་ཤུགས་ཟད་པའི་དབང་གིས་མགྱོགས་པོ་འདོན་ཐུབ་མེད། ཅུང་མ་འགོར་བར་ཚང་མས་ཕྱར་བ་གྲུ་འདེགས་བྱས་མཐར། བུད་མེད་དེ་བདེ་བླག་ངང་བསྐྱབས་ཐུབ་པ་རེད། 

    ཆུ་ཁར་འཐེན་རྗེས་ཀྲོའུ་ལི་ཅེ་དང་ལུའོ་ཆང་གིས་འཕྲལ་མར་དྲན་པ་གསོ་ཐབས་བྱས། ཚང་མའི་འབད་བརྩོན་འོག་ཁོ་མོ་རིམ་གྱིས་དྲན་པ་གསོས་པ་དང་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་བྱས་པ་ལས་མངོན་གསལ། གྲོད་ཁོག་ནང་གི་ཕྲུ་གུ་བདེ་མ་ཐང་མ་ཡིན་པ་རེད། མཇུག་ཏུ་མི་དམངས་ཉེན་རྟོག་པས་ཁ་ཏ་བསླབ་བྱ་ཡང་ཡང་བྱས་པས་ཁོ་མོའི་སེམས་པ་གཞི་ནས་ལྷོད་དུ་སོང་བ་རེད།  
རྩོམ་སྒྲིག་པ། བདེ་སྒྲོལ།