ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྩིས་པ་འདིས་དགའ་རོགས་ཆེད་གཞུང་དངུལ་སྒོར་ཁྲི་900ལྐོག་ཟ་བྱས།

སྤེལ་དུས 2021-10-21 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           ལོ་28ལ་སླེབས་པའི་ཚའོ་དབྱིན(ཚབ་མིང་)ནི་རྩིས་པ་ཞིག་ཡིན་ཞིང་། མ་གཞི་འཚོ་བའི་ཐད་སེམས་ཁྲལ་མེད་མོད། འོན་ཀྱང་བརྩེ་དུང་གིས་ཉེས་གསོག་གི་གཡང་གཟར་དུ་བསྐྱོད་ནས། སྔ་རྗེས་གཞུང་དངུལ་ནས་སྒོར་ཁྲི་900ལྐོག་ཟ་བྱས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐོའུ་ཐུན་ཧོ་ཆུས་མི་དམངས་ཁྲིམས་ཁང་གིས་ལྐོག་ཟའི་བྱས་ཉེས་ཐོག་ནས་ལོ་10ཡི་དུས་བཀག་བཙོན་འཇུག་བྱས་པ་དང་། དངུལ་ཆད་སྒོར་ཁྲི་50བཅད།
           2016ལོར་སློབ་ཆེན་ཐོན་མ་ཐག་པའི་ཚའོ་དབྱིན་ནི་གཙོ་གནད་སློབ་འབྲིང་ཞིག་གིས་བསྡུས་ནས་སློབ་གྲྭ་དེའི་ཟ་ཁང་གི་རྩིས་པ་བྱས་ཏེ། སློབ་གྲྭ་དེའི་སློབ་ཕྲུག་2000ལྷག་གི་ཟ་མའི་འགྲོ་གྲོན་དོ་དམ་བྱེད་པ་དང་། ཟླ་རེར་སྒོར་ཁྲི་བརྒྱ་ལྷག་ལ་དོ་དམ་བྱེད་དགོས་པ་རེད། སྟེས་དབང་གི་གོ་སྐབས་ཤིག་གིས་མོས་ཕོ་གསར་རྫིག་པོ་ལི་ཅུན(ཚབ་མིང་)ངོ་ཤེས་ཤིང་། མྱུར་དུ་དགའ་རོགས་ཀྱི་འབྲེལ་བ་ཆགས་པ་རེད། 
           “སྙིང་སྡུག་ལགས། ངས་ཧྥུའུ་ཐེ་རླངས་འཁོར་ཞིག་ཉོ་འདོད་འདུག” 
           “དགའ་ན་ཉོས་དང་། དངུལ་ངས་ཐག་བཅད་ཆོག”ཅེས་བཤད། དགའ་རོགས་ལ་ཡིད་ཆད་དུ་མི་འཇུག་པའི་ཆེད་དུ། ཚའོ་དབྱིན་གྱིས་མིག་ཟུང་གཞུང་དངུལ་ལ་གཏད་པ་རེད། ཐེངས་དང་པོར་ནག་ཉེས་བསགས་དུས། མི་གཞན་གྱིས་ཤེས་པར་དོགས་པ་སྐྱེས་ནས། སྒོར་ཁྲི་1བླངས་ནས་ཡིད་རྟོན་གཱ་ནང་བླུགས། རྗེས་སུ་ཁ་གསབ་བྱེད་བསམ་ཡོད། དུས་ཚོད་ངེས་ཅན་ཞིག་འགོར་ཡང་མི་གཞན་གྱིས་ཤེས་རྟོགས་མ་བྱུང་བས་ཚའོ་དབྱིན་གྱི་སེམས་པ་བདེ་ལ་བབས་སོང་།
           བློ་ཁོག་ཇེ་ཆེ་ནས་ཇེ་ཆེར་གྱུར་བའི་ཚའོ་དབྱིན་གྱིས་གཞུང་དངུལ་ཐེངས་མང་སྤྱད་དེ་སྔ་རྗེས་སུ་ལི་ཅུན་ལ་པའོ་མ་དང་པའོ་ཧྲེ་ཅེ་སོགས་རླངས་འཁོར་གྲགས་ཅན་འགའ་ཉོས་པ་རེད། དེའི་རྗེས་སུ། ཚའོ་དབྱིན་གྱིས་འཛེམ་མདོག་སྤུ་ཙམ་ཡང་མེད་པར། ནོར་དོན་ཁང་གི་དངུལ་བསྒྱུར་སྤྲོད་ཀྱི་འཛིན་ཐོ་དང་སྒེར་གྱི་ཐམ་ག ནོར་དོན་སྤྱི་པའི་ཐམ་ག་གཏན་འབེབས་ལྟར་ཉེན་འགོག་སྒམ་ནང་དུ་བཞག་མེད་པའི་གོ་སྐབས་དང་བསྟུན། སྔ་རྗེས་སུ་དངུལ་བརྒྱུད་སྤྲོད་ཀྱི་འཛིན་ཐོ་སྟོང་པ་47བརྐུས་ནས་ཐམ་ག་བརྒྱབ་རྗེས། གོ་མི་ཆོད་པའི་དངུལ་འཛིན་དང་དངུལ་འཛིན་རྫུན་འབྲི་བྱེད་སྟངས་ཀྱི་ལག་ཐབས་བརྒྱུད་ནས། གཞུང་དངུལ་དགའ་གྲོགས་ལ་བེད་སྤྱད་དུ་བཅུག་པ་རེད། དེའི་ཁྲོད་དུ་ཁ་གྲངས་ཆེས་མཐོ་བ་ནི་སྒོར་ཁྲི་40ཡིན་པ་རེད། 
           2020ལོར།  ཚའོ་དབྱིན་དང་ལི་ཅུན་གཉིས་ཀྱིས་གཉེན་སྒྲིག་ལག་ཁྱེར་བླངས་པ་དང་། གཉེན་སྒྲིག་བྱས་རྗེས་ཡུན་རིང་མ་སོང་བར ཚའོ་དབྱིན་གྱིས་གཞུང་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་ཐོན། ཞིབ་བཤེར་བྱས་པ་བརྒྱུད། ཚའོ་དབྱིན་གྱིས་2016ལོ་ནས་2020ལོའི་བར་སློབ་གྲྭའི་ཟ་ཁང་གི་ཟ་རིན་སྒོར་ཁྲི་900ལྐོག་ཟ་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།