ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

མཁལ་མ་ཆུ་ཤོར་ནད་ཀྱི་བརྟག་བཅོས་སྐོར་མདོ་ཙམ་བཤད་པ།

སྤེལ་དུས 2021-12-07 ཡོང་ཁུངས། བོད་སྨན་སློབ་གསོ་དང་ཞིབ་འཇུག རྩོམ་པ་པོ། ནོར་བུ་དོན་གྲུབ།
          ནང་དོན་གནད་བསྡུས། མཁལ་མ་ཆུ་ཤོར་ནད་ནི་མཁལ་མའི་མེ་དྲོད་ཉམས་ཏེ་བད་ཀན་གྱི་ཆ་འཕེལ་བ་ལས་བྱུང་ལ་དེར་བད་ཀན་གྱི་བཅོས་ཐབས་གཅོ་བོར་བཟུང་རྒྱུ་དང་ལྷག་པར་དུ་ཚྭ་དུགས་ནི་དཔྱད་ཀྱི་མཆོག་དམ་པ་ཡིན་པ་བསྟན་ནོ། །
          གནད་ཚིག མཁལ་མ། ཆུ་ཤོར། བད་ཀན། ཚྭ་དུགས། 
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R256.5[ ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1674-0572(2018)01-0051-04
གསོ་རིག་ཉིན་བྱེད་རྟ་བདུན་འོད་སྣང་གིས། །
སྙིགས་དུས་འགྲོ་བའི་ནད་གདུང་སེལ་དང་ལྷན། །
མན་ངག་བདུད་རྩིས་བུ་སློབ་ལེགས་བསྐྱངས་པའི། །
གཡུ་ཐོག་དང་བཅས་སྔོན་བྱོན་མཁས་རྣམས་མཆོད། །   
          མཁལ་མ་ཆུ་ཤོར་ནད་ནི་དེང་སྐབས་ཤིན་ཏུ་ནས་མཐོང་མང་བ་དང་བཅོས་དཀའ་ལ་ན་ཡུན་རིང་བའི་ནད་ཞིག་ཡིན་ལ་གལ་སྲིད་ནད་དེར་གསོ་བཅོས་ཚུལ་བཞིན་མ་བྱུང་ན་མཁལ་གཅོང་ནད་དང་མཁལ་ནུས་ཉམས་པའི་ནད་སོགས་ལ་འགྱུར་ཉེན་ཆེ་བས་སྐབས་འདིར་རང་ལུགས་དཔལ་ལྡན་རྒྱུད་བཞིའི་དགོངས་པ་གཞིར་བཟུང་སྟེ་ནད་འདིའི་བརྟག་བཅོས་སྐོར་རང་ཉིད་ཀྱི་མྱོང་ཚུལ་མདོ་ཙམ་གླེང་བའོ། །  
          དང་པོ། ནད་མིང་བཤད་པ།   
          མཁལ་མ་ཆུ་ཤོར་ནི་ཟས་སྤྱོད་དབང་གིས་མཁལ་མའི་གནས་སུ་བད་ཀན་འཕེལ་བས་མཁལ་མའི་མེ་དྲོད་ཉམས་པ་ཡིན་ཏེ། བཀྲ་འབུམ་པས་མཁལ་མ་ཆུ་ཤོར་ནི་མཁལ་མའི་ཆུ་ཁམས་འཕེལ་ནས་མཁལ་དྲོད་ཤོར་བ་ལ་ཟེར་བ་ལས་མཁལ་མའི་ནང་ཆུ་ཤོར་བ་ནི་མ་ཡིན་ཞེས་པ་དང་། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས། མཁལ་མ་ཆུ་ཤོར་ནི་མཁལ་དྲོད་འཆོར་བའོ་ཞེས་གསུངས་པས་མདོར་ན་ཟས་སྤྱོད་དབང་གིས་མཁལ་མར་བད་ཀན་འཕེལ་ཏེ་མཁལ་མ་ས་ཆུའི་རང་བཞིན་ལ་བད་ཀན་གྱི་ཆ་ཆེས་ཆེར་འཕེལ་བས་མཁལ་མའི་མེ་དྲོད་ཉམས་ཏེ་མཁལ་དྲོད་ཤོར་བས་མཁལ་མའི་བྱེད་ལས་ཉམས་ཞན་དུ་སོང་བའོ། །   
          གཉིས་པ།  ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ།  
          མན་རྒྱུད་མཁལ་ནད་གསོ་བའི་ལེའུ་ལས། རྒྱུ་ནི་བརྡབས་དང་མི་ཐེག་ཁུར་དང་བཏེག །རླན་ལ་འདུག་དང་ཆུ་ཡི་ལས་བྱས་བྱུང་། །①ཞེས་དང་། སྨན་དཔྱད་ཟླ་རྒྱལ་ལས། རྒྱུ་ནི་རླུང་མཁྲིས་བད་ཀན་ཏེ། །རྐྱེན་ནི་འཐེན་ཁུར་ཆེས་པ་དང་། །ཤ་ཆུང་རྐེད་པ་ཚིགས་པ་དང་། །མ་ཞུ་འདོད་ཆགས་དྲགས་པས་སོ། །ཞེས་སོགས་གསལ་བར་གསུངས་པས་དེས་ན་མཁལ་མའི་ནད་ཀྱི་རྒྱུ་འམ་རྐྱེན་ལ་གཡང་དང་འཕྲུལ་འཁོར་སོགས་ལས་ལྷུང་བ་དང་བརྡབས་པ། རྒྱབ་ཏུ་མི་ཐེག་པའི་རིགས་ཁུར་བ་དང་རྡོ་ཆེན་པོ་སོགས་མདུན་ཏུ་ཤུགས་ཀྱིས་བཏེགས་པ། སྤང་སྟེང་སོགས་གཞའ་རླན་ཆེ་སར་ཡུན་རིང་བསྡད་དེ་འཐུང་ཇ་མངར་མོ་སོགས་འཐུང་ཆེས་པ། ཡུན་རིང་ཆུ་ནང་དུ་ཞུགས་པ། དེ་བཞིན་དེང་དུས་ན་གཞོན་ཕོ་མོ་རྣམས་ཀྱིས་མཛེས་ཉམས་ཆེད། དུས་དང་མི་བསྟུན་པར་གོས་སྲབ་གྱོན་ཏེ་མཁལ་རྐེད་དང་ལྟེ་བ་སོགས་ཕྱིར་མངོན་པས་སྣང་བ་མེད་པར་རླུང་བསེར་བུ་གནས་དེར་ཡུན་རིང་ཕོག་པ་ལ་སོགས་ཀྱིས་མཁལ་མའི་མེ་དྲོད་ཉམས་ཏེ་ནད་དེ་སློང་བའོ། །  
          གསུམ་པ། ནད་རྟགས་བཤད་པ།  
          མན་རྒྱུད་བད་ཀན་ནད་གསོ་བའི་ལེའུ་ལས། མཁལ་བབས་མཁལ་རྐེད་ན་ཞིང་དྲི་ཆུ་སྲི །རྣ་བ་འཐབ་ཅིང་རླན~གྲང་ཁྱད་པར་གནོད། །②ཅེས་དང་། དཔལ་ལྡན་རྒྱུད་ཀྱི་དགོངས་པ་དང་བསྟུན་ན་མཁལ་འགྲམས་དང་མཁལ་མ་ཆུ་ཤོར་གཉིས་ཀྱི་རྟགས་དང་བཅོས་ཐབས་སོགས་སོ་སོར་བཞག་མེད་པ་དང་དེ་གཉིས་དགོངས་པ་རྒྱས་བསྡུས་ཀྱི་དབང་ལས་དོན་ཀྱི་ཐད་སྐྱོན་དུ་མི་འགྲོ་ལ་རྒྱུད་ཆུང་དང་གཡུ་ཐོག་བུ་དོན་མ་ལས། ཆུ་ཤོར་འགྲམས་ཡིན་མཁལ་རྩ་གར་ཡོད་ན། །ཞེས་སོགས་གཞི་རྩའི་དགོངས་པ་གཅིག་མཐུན་དུ་གསུངས་པས་སྤྱི་རྟགས་སུ་ནད་དེ་དཀྱེལ་ཆུང་བའི་སྐབས་མཁལ་རྐེད་ན་ཞིང་མཁལ་མའི་འཁོར་དང་ལུས་སྨད་དྲོད་མེད་པའི་ཚོར་སྣང་འོང་བ་ཙམ་ལས་དེ་མིན་ནད་རྟགས་དམིགས་བསལ་མེད་པ་དང་ནད་དེ་དཀྱེལ་ཆེ་རུ་སོང་སྟེ་མཁལ་མའི་མེ་དྲོད་རིམ་བཞིན་ཉམས་ནས་མཁལ་མའི་བྱེད་ལས་ཚུལ་བཞིན་བྱ་མི་ཐུབ་སྐབས་གཅིན་སྲི་བ་དང་གདོང་དང་མིག་ལྕིབས་གཡོ་སྐྲངས་བྱེད་པ། རྣ་བ་འུར་བ། མགོ་ན་བ། མཁལ་རྐེད་དང་བརླ་ཡི་ནང་ངོས་བཅས་སུ་གཟེར་བ། མཁལ་མར་བརྡུང་ཟུག་ཡོད་པ། ཆུ་ལས་དང་ལུས་འཁྱགས་པའི་སྐབས་སུ་ནད་གཞི་དེ་སྡུག་ཏུ་འགྲོ་བ། ད་དུང་ནད་པ་འགར་མཁལ་མའི་ནད་རྐྱེན་ལས་བསླངས་པའི་བླ་གཉན་ནད་ཁྲག་ཤེད་མཐོ་པོ་ཆགས་པ་སོགས་ཀྱི་ནད་རྟགས་ཀྱང་མངོན་པའོ། ། 
          བཞི་བ། ཁྱད་པར་གྱི་བལྟ་རེག  
          ནད་གཞི་འདིར་སྤྱིར་རྩ་རྒྱུད་བྱིང་ཤིང་གུད་ལ་ཆག་རྩ་ཞན་པ་དང་། ཆུ་མདོག་དཀར་ལ་དྲི་རླངས་ཆུང་བ། ཀུ་ཡ་བྱེ་མ་འདྲ་བ་སྣོད་ཀྱི་ཞབས་སུ་མངོན་པ་སོགས་འབྱུང་བའོ། །  
          ལྔ་བ། གཞོགས་འདེགས་བརྟག་དཔྱད།  
          ནད་ཐོག་ལག་ལེན་ནང་ང་ཆོས་མཁལ་མ་ཆུ་ཤོར་ནད་འདིར་རང་ལུགས་གསོ་རིག་བརྟག་ཐབས་ཀྱིས་ནད་རིགས་ངོས་འཛིན་བྱ་རྒྱུ་རྨང་གཞིའི་ཐོག དེང་རབས་སྔོན་ཐོན་ཚན་རྩལ་གྲུབ་འབྲས་ལས་ཐོབ་པའི་བརྟག་དཔྱད་ཐབས་ལམ་ལ་བརྟེན་ན་ནད་གཞི་སྔར་བས་གསལ་རྟོགས་དང་ནད་ཐོག་སྨན་འཁེལ་གྱི་སྨན་བཅོས་སྤུས་ཚད་ལ་འགན་ལེན་ཡང་དག་བྱ་ཐུབ་པས། རང་གི་མྱོང་བ་ལྟར་ན་མཁལ་མ་ཆུ་ཤོར་ནད་འདི་ངོས་འཛིན་བྱ་རྒྱུར་རིན་ཐང་ཆེ་ཤོས་ནི། པིས་སྒྲ་རླབས་དང་མཁལ་མའི་CTབརྟག་དཔྱད་ཡིན་ལ་བརྟག་དཔྱད་འདི་གཉིས་ལས་མཁལ་མ་ཆུ་ཤོར་ནད་གཞི་དཀྱེལ་ཆེ་ཆུང་དང་མཁལ་མའི་རང་གནས་ཀྱི་ཆ་ཤས་རྣམ་པར་གྱུར་ཏེ་རྒྱུན་གཏན་ཚད་གཞི་ལས་ཆེར་རྒྱས་ཡོད་མེད་སོགས་ཤེས་རྟོགས་ཐུབ་པའོ། །  
          དྲུག་པ། བཅོས་ཐབས་བཤད་པ།   
          1 ཟས་སྐོམ་གྱིས་བཅོས་པ་ནི་ར་ཕག་ཤ་དང་བསྙལ་ཚལ། ཤིང་ཏོག་མ་སྨིན་པ་སོགས་ལྕི་བསིལ་རིགས་དང་ལྷག་པར་དེང་དུས་སྨན་རྫས་ཀྱི་ལྷད་ཡོད་པའི་འཐུང་ཇ་དང་མཁལ་མའི་ནུས་པར་གནོད་པའི་སྨན་རྫས་རིགས་འཇེ།མས་བྱ་དང་ལུག་ཤ་སོགས་དྲོ་ལ་གསར་འཇམ་གྱི་ཁ་ཟས་འཕྲོད་ཆེའོ། །   
          2 སྤྱོད་ལམ་གྱིས་བཅོས་པ་ནི་ལུས་ཁམས་འཁྱགས་དྲགས་པའམ་བརླན་གཤེར་བསིལ་སར་སྡོད་ཆེས་པ་སྤངས་རྒྱུ་དང་དྲོ་བའི་གནས་སུ་རྩོལ་བཅག་རན་པར་བྱ་རྒྱུ།
          3 སྨན་གྱི་སྔོ་ནས་བཅོས་པ་ནི་ནད་ཐོག་དངོས་ནང་དཔལ་ལྡན་རྒྱུད་བཞི་ལས་ཕོ་མཆེར་མཁལ་ནད་བད་ཀན་གཙོ་བོར་བཟུང་ཞེས་གསུང་བ་ལྟར་སྨན་བཅོས་རྩ་དོན་དུ་བཟུང་སྟེ་གསོ་ཐབས་དངོས་སུ། སེ་འབྲུ་ཀུན་བདེ་དང། སེ་འབྲུ་ཉི་དཀྱིལ། སེ་འབྲུ་ལྔ་པ། སུག་སྨེལ་བཅུ་པ། འབའ་བསམ་ལྷ་ཡི་ལུང་བསྟན་སོགས་བསྟེན་ནས་མཁལ་མའི་མེ་དྲོད་དང་མཁལ་མའི་ནུས་པ་གསོ་རྒྱུར་འབད་བརྩོན་བྱས་ཏེ་ནད་འདི་བཅོས་ཐབས་བྱ་དགོས། དེ་ཡང་ཀོང་སྤྲུལ་རིན་པོ་ཆེས། འགྲོ་བ་ནད་པ་ཕ་མ་དངོས་ཡིན་ནོ །གཞན་ཕན་ནུས་ན་རྒྱལ་བ་ཐམས་ཅད་མཉེས། །ཚོགས་གཉིས་རྫོགས་ཐབས་འདི་ལས་ལྷགས་པ་གང་། །ཐུགས་ལ་གཞོག་མཛོད་དོན་གཉེར་བློ་གསལ་རྣམས། །ཞེས་གསུངས་པ་ལྟར་འགྲོ་བ་ནད་པར་སྙིང་རྗེས་ཀུན་ནས་བསླངས་པ་དང་སྨན་དཔྱད་དུས་ལས་མ་འགྱངས་པར་བརྩོན་པས་བསྒྲུབས་ཏེ་མཁལ་མ་ཆུ་ཤོར་ནད་འདི་དུས་ཐོག་ཏུ་བཅོས་ཐུབ་ན་དེང་དུས་ཤིན་ཏུ་མཐོང་མང་བའི་མཁལ་ནུས་ཉམས་པ་ལ་སོགས་ཀྱི་ནད་མང་པོ་ཞིག་སྔོན་འགོག་བྱ་ཐུབ་པའོ། །  
          4 དཔྱད་ཀྱིས་བཅོས་པ་ནི་མན་རྒྱུད་བད་ཀན་གསོ་བའི་ལེའུར་མཁལ་བབས་ཚྭ་དང་བྱེ་མ་སྤུ་དུགས་བསྟེན་③ཞེས་གསུངས་པ་ལྟར་ནད་ཐོག་ལག་ལེན་དངོས་ནང་འཇམ་པོའི་དཔྱད་ཀྱིས་བཅོས་པ་ལ་བོད་བྱང་ཁུལ་སོགས་ནས་ཐོན་པའི་ཚྭ་ཁ་དོག་དཀར་པོ་དང་ཤེལ་ཚྭ་དམར་ཤས་ཅན་རྒྱུན་དུ་བྱང་ཁུལ་འབྲོག་པས་འཚོ་བའི་ནང་བེད་སྤྱོད་བྱེད་པའི་ཚྭ་རིགས་དེ་དག་དང་། བྱེ་མ་གང་རུང་སླ་ངའི་ནང་ཚ་པོ་རན་པར་བསྲོ་དགོས་པ་དང་དེ་རྒྱུ་བལ་ལས་གྲུབ་པའི་སྣམ་བུའི་ཁུག་མ་ཆེ་ཆུང་སྙོམས་པ་ཞིག་ཏུ་བླུགས་ཏེ་མཁལ་རྐེད་གནས་སུ་ནད་གཞིའི་དཀྱེལ་ཆེ་ཆུང་ལ་གཞིགས་ཏེ་ཚྭ་དུགས་དུས་ཡུན་ཟླ་བ་གཅིག་ནས་གཉིས་བར་ཉིན་རེར་དུས་ཆོ།ད་སྐར་མ30ཙམ་ཡང་ན་ཚྭ་དུགས་ཀྱི་ཁུག་མའི་དྲོད་མ་ཡལ་བར་དུགས་བྱས་ན་མཁལ་མ་ཆུ་ཤོར་ནད་ལ་ཕན་ནུས་མངོན་གསལ་ལྡན་པ་སྟེ་རང་སྨན་ཁང་ནས་ལོ་ངོ་ལྔ་ཙམ་རིང་མཁལ་མ་ཆུ་ཤོར་ནད་དཔེ་266ཙམ་ཡོང་གསལ་གཉེན་པོ་བསྟེན་པ་དང་ཚྭ་དུགས་ཀྱི་བཅོས་ཐབས་བྱས་པས་ཕན་འབྲས་ཐོན་ཚད་85%ཡན་ཟིན་པས་ཞིབ་ཕྲ་གཤམ་གྱི་རེའུ་མིག་ལས་གསལ་བའོ། །
མཁལ་མ་ཆུ་ཤོར་ནད་གྲངས་266ལ་ཚྭ་དུགས་ཀྱི་བཅོས་བྱས་པའི་ཕན་འབྲས་དབྱེ་ཞིབ་རེའུ་མིག

          ནད་ཐོག་དངོས་ནང་དབྱེ་ཞིབ་བྱས་པའི་འབྲས་བུར། མཁལ་མ་ཆུ་ཤོར་ནད་ལ་མཁལ་མའི་མེ་དྲོད་དང་མཁལ་ནུས་གསོ་བའི་གཉེན་པོ་ཁོང་སྨན་བསྟེན་པ་ཕུད། ཚྭ་དུགས་བྱ་རྒྱུ་ནི་ལག་ལེན་སྟབས་བདེ་ལ་ཉེན་ཁའི་ཚད་གཞི་དམའ་བ་དང་དཔལ་འབྱོར་གྱི་འགྲོ་གྲོན་ཆུང་ལ་ཕན་འབྲས་མངོན་གསལ་ཆེ་བ་བཅས་ཀྱི་ཁྱད་ཆོས་མངོན་པས་དཔྱད་ཀྱི་མཆོག་དམ་པའོ། །                            
          དཔྱད་གཞིའི་ཡིག་ཆ།
          ཁྲོ་རུ་ཚེ་རྣམ། གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། [ M། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001ལོར་དཔར།
          མཁྱེན་བརྩེ་དབང་པོ། མཁྱེན་བརྩེ་དབང་པོའི་སྨན་ཡིག [ M] མི་རིགས་དཔེ་སྐྲུན་ཁང་།
          གོ་འཇོ་དབང་འདུས། གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན། [ M] མི་རིགས་དཔེ་སྐྲུན་ཁང་། 1982ལོར་དཔར། 
          རྗེ་བཙུན་གྲགས་པ་རྒྱལ་མཚན། གསོ་དཔྱད་རྒྱལ་པོའི་དཀོར་མཛོད། [ M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993ལོར་དཔར།
          སྟོབས་རྒྱས། ཁོང་ནད་གསོ་བ། བོད་ལུགས་གསོ་རིག་སློབ་ཆེན་གྱིནད་ཐོག་སློབ་དེབ། མི་རིགས་དཔེ་སྐྲུན་ཁང་། 2004ལོར་ཐེངས་དང་པོ་དཔར།
          བཻ་རོ་ཙ་ན་སོགས། སྨན་དཔྱད་ཟླ་བའི་རྒྱལ་པོ། [ M] མི་རིགས་དཔེ་སྐྲུན་ཁང་། 1985ལོར་དཔར།
          བོད་ལྗོངས་སྨན་རྩིས་ཁང་། བོད་ལུགས་གསོ་རིག་དཔྱད་བཅོས་ཞིབ་འཇུག་དང་ལག་ལེན། [ G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོར་དཔར།
          ①②③ གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར། ཤོག་ངོས། 128 132 304
རྩོམ་སྒྲིག་པ། བདེ་སྒྲོན།