ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

བོད་ལྗོངས་ཀྱིས་རྒྱང་ཁྲིད་སྨན་བཅོས་དྲ་རྒྱ་བསྐྲུན་ནས་མང་ཚོགས་ཀྱི“ནད་ཆེན་བསྟེན་དཀའ་བའི”གནད་དོན་ཞི་ལྷོད་དུ་བཏང་བ།

སྤེལ་དུས 2021-12-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་སྨན་བཅོས་སྒྲིག་གཞི་90%ཡི་རྒྱང་ཁྲིད་སྨན་བཅོས་མ་ལག་གི་མཁྲེགས་ཆས་སྒྲིག་སྦྱོར་དང་སྙོམ་སྒྲིག་ཚོད་ལྟའི་ལས་དོན་ལེགས་གྲུབ་ཟིན་ནས། མིག་སྔར་མཉེན་ཆས་སྙོམ་སྒྲིག་ཚོད་ལྟ་དང་སྨན་ཁང་གི་ཆ་འཕྲིན་མ་ལག་གི་མཐུད་ཁ་སྒྱུར་བཀོད་དང་འབྲེལ་མཐུད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་རྒྱང་ཁྲིད་སྨན་བཅོས་ཞབས་འདེགས་རང་སྐྱོང་ལྗོངས་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་6དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་20 རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་137 ཤང་གྲོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་690བཅས་ལ་ཁྱབ་ནས་གཞི་རིམ་མང་ཚོགས་ཀྱི“ནད་ཆེན་བསྟེན་དཀའ་བའི”གནད་དོན་ཞི་ལྷོད་དུ་ཕྱིན་ཏེ་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཐུབ་སྲིད།
          རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་བསྐྲུན་པ་ནི་བོད་ལྗོངས་ཀྱི“དྲ་སྦྲེལ་+སྨན་བཅོས་བདེ་ཐང”གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འདི་ལོ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་1.67བཏང་ནས་རྒྱང་ཁྲིད་སྨན་བཅོས་ལྷན་འཛོམས་ནད་དཔྱད་ཁང་སྒྲིག་བཟོ་དང་། མཁྲེགས་ཆས་དང་སྒྲིག་ཆས་སྒྲིག་སྦྱོར། མཉེན་ཆས་ཚད་ལེན་ཚོད་ལྟ་སོགས་ཀྱི་ལས་དོན་ལ་གཙོ་གནད་སྐུལ་འདེད་གཏོང་རྒྱུ་རེད། རྣམ་གྲངས་དེས་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཤམ་སྐྱོད་མགྱོགས་སུ་བཏང་ནས། བོད་ཀྱི་སྨན་བཅོས་ཐོན་ཁུངས་སྤུས་ལེགས་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
          རྒྱང་ཁྲིད་ནད་བརྟག་སྨན་བཅོས་ཀྱིས་སྨན་བཅོས་ཀྱི་ལྷུ་ཚིགས་སྟབས་བདེ་རུ་དང་སྨན་བཅོས་ཞབས་འདེགས་སྤུས་ལེགས་ཁྱབ་རྒྱ་ཆེ་རུ་བཏང་ནས་མི་སེར་ཚོར་རང་ཁྱིམ་གྱི་སྒོ་འགྲམ་དུ་སྨན་བཅོས་ཞབས་འདེགས་སྤུས་ལེགས་ལོངས་སྤྱོད་ཐུབ་རྒྱུ་རེད། འདི་ལོའི་ཟླ་གཉིས་པར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒྲ་རླབས་ལས་འདས་པའི་གསོ་རིག་ཁོའོ་ཡི་སྨན་པས་5Gལག་རྩལ་ལ་བརྟེན་ནས་འཕྲུལ་ཆས་རྒྱང་ཁྲིད་བཀོལ་སྤྱོད་བྱས་ཏེ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་མི་དམངས་སྨན་ཁང་གི་ནད་པར་ནད་བརྟག་སྨན་བཅོས་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་སྨན་བཅོས་ཇུས་གཞི་བཏོན་ཡོད། ནད་བརྟག་སྨན་བཅོས་ཧྲིལ་པོར་དུས་ཚོད་སྐར་མ་10ལས་འགོར་གྱི་མེད།
          བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་འཆར་འགོད་འཕེལ་རྒྱས་དང་ཆ་འཕྲིན་ཅན་ཁྲུའུ་ཡི་ལྟ་ཞིབ་ཆེད་མི་ཞུས་ཅི་མིན་གྱིས། རྒྱང་ཁྲིད་སྨན་བཅོས་ཞབས་ཞུས་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣར་རྒྱུན་མཐོང་ནད་ཀྱི་ནད་བརྟག་སྨན་བཅོས་ཚད་ལྡན་དང་ནད་བརྟག་སྨན་བཅོས་ཐབས་ལམ་མཁོ་འདོན་བྱེད་པ་དང་ཆབས་ཅིག ད་ཡོད་ཀྱི་འཕྲོད་བསྟེན་ཐོན་ཁུངས་སྤྱད་དེ་སྨན་བཅོས་སྒྲིག་གཞིའི་དབར་ཞིབ་བཤེར་དང་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་གཏོང་རིང་ཞིབ་བཤེར་དཔྱད་ཡིག་ཕན་ཚུན་ཁས་ལེན་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་ཚུད་པས་ནད་པའི་སྨན་བཅོས་འགྲོ་གྲོན་དམའ་རུ་འགྲོ་ཐུབ་ཅེས་བཤད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་ཀྱིས་ད་དུང་དྲ་སྦྲེལ་གཞི་རྟེན་དུ་བྱེད་པའི་རྒྱང་ཁྲིད་སློབ་གསོ་དང་། རྒྱང་ཁྲིད་དུས་འདེབས། ཕྱོགས་གཉིས་དབར་ནད་བརྟག་གཞན་སྒྱུར་སོགས་ཀྱི་ནུས་པ་10ལྷག་ཙམ་བཏོན་ནས། བོད་ཀྱི་སྤྱི་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།