འཛམ་གླིང་ཐོག་ཨེ་ཙིའི་ནད་ལས་ཐར་བའི་བུད་མེད་ཐོག་མ་བྱུང་འདུག
སྤེལ་དུས 2022-02-18
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་15ཉིན། ཨ་རིའི་ཞིབ་འཇུག་མི་སྣས་ཁྲག་རིལ་དཀར་པོའི་ནད་དང་ཨེ་ཙི་ནད་ཕོག་པའི་བུད་མེད་ཅིག་གིས་རྩ་བའི་ཕྲ་ཕུང་སྤོ་འཛུགས་བྱེད་ཐབས་དམིགས་བསལ་ཞིག་དང་ལེན་བྱས་རྗེས་ཨེ་ཙིའི་ནད་ཡོངས་སུ་དྲག་སྐྱེད་བྱུང་ཚུལ་དང་། དེ་ནི་བཅོས་ཐབས་དེ་རིགས་ཁྲོད་ཨེ་ཙི་ནད་དྲག་སྐྱེད་བྱུང་མཁན་བུད་མེད་ཐོག་མ་དེ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
2013ལོར་བུད་མེད་དར་མ་དེར་ཨེ་ཙིའི་ནད་དུག་ཕོག་ཡོད་པའི་ངོས་འཛིན་བྱས་པ་དང་། ལོ་བཞི་སོང་རྗེས་“མྱུར་གཤིས་རྐང་འདྲའི་ཁྲག་རིལ་དཀར་པོའི་ནད་”ཕོག་ཡོད་པའི་ངོས་འཛིན་བྱས་པ་རེད། དེའི་རྗེས་སུ་ཁོ་མོས་“རྐྱང་གཟུགས་ལྟེ་ཁྲག་བརྗེ་བའི་”བཅོས་ཐབས་དང་ལེན་བྱས་ཤིང་། བཅོས་ཐབས་དེ་ཝེར་ཁང་ནེར་གསོ་རིག་སློབ་གླིང་གི་ཞིབ་འཇུག་ཚོགས་པས་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་། ནད་པར་ཞལ་འདེབས་རྒྱག་མཁན་ཞིག་གི་ས་ནས་སྤོས་བཛུགས་ཀྱིས་ལྟེ་ཁྲག་དམིགས་བསལ་བ་ཞིག་ཐོབ་པ་རེད། ལྟེ་ཁྲག་དེ་རིགས་ནང་ཨེ་ཙེའི་ནད་ཀྱི་ནད་དུག་ལ་ཁ་གཏད་གཅོག་ཐུབ་པའི་འབྲེལ་ཡོད་ཐོལ་འགྱུར་འདུས་པ་དང་། དེ་རྗེས་ནད་པས་གཟུགས་གྲུབ་རྩ་བའི་ཕྲ་ཕུང་སྤོ་འཛུགས་དང་ལེན་བྱས་ཡོད་པ་རེད།
ཞིབ་འཇུག་ཚོགས་པས། གཟུགས་གྲུབ་རྩ་བའི་ཕྲ་ཕུང་དང་བསྡུར་ཚེ་ལྟེ་ཁྲག་རྩ་བའི་ཕྲ་ཕུང་གི་འཕྲོད་ནུས་དེ་བས་ཆེ་བ་ཡོད་ན་ཡང་ཕྲ་ཕུང་ཐོན་ཚད་ཀྱིས་འདང་གི་མེད། ཡིན་ན་ཡང་། དར་མ་ནས་ཡོང་བའི་རྩ་བའི་ཕྲ་ཕུང་གིས་གནད་དོན་དེ་ཁ་གསབ་བྱེད་ཐུབ་ཅེས་བཤད་པ་རེད། དེས་མི་ཚད་ལྟེ་ཁྲག་རྒྱུ་ཆ་རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་གསོག་ཉར་བྱས་ཡོད་པས་ན་དེས་“ཨེ་ཙི་ནད་འགོག་པའི་ཐོལ་འགྱུར་”ཞིབ་བཤེར་བྱེད་སླ་བ་ཡོད་པ་རེད།
དེའི་གོང་སྐྱེས་པ་གཉིས་ཀྱིས་ཨེ་ཙིའི་ནད་འགོག་པའི་ཐོལ་འགྱུར་གྱི་གཟུགས་གྲུབ་རྩ་བའི་ཕྲ་ཕུང་སྤོ་འཛུགས་བྱས་མཐར་ཨེ་ཙིའི་ནད་དྲག་སྐྱེད་ངེས་ཅན་བྱུང་ཡོད་ན་ཡང་། ཞལ་འདེབས་རྒྱག་མཁན་གྱི་ཕྲ་ཕུང་གིས་དང་ལེན་མཁན་གྱི་ལུས་ཕུང་ལ་རྒོལ་གྱི་ཡོད་པས་ནད་པ་དེ་གཉིས་ལ་ཕྱིས་སུ་ཞོར་སྐྱོན་ཚབས་ཆེན་ཐོན་པ་རེད། ད་ཐེངས་ཀྱི་བཅོས་ཐབས་གསར་པ་དང་ལེན་བྱེད་མཁན་བུད་མེད་དེར་སྔོན་གྱི་སྐྱེས་པ་དེ་གཉིས་ལྟ་བུའི་ནད་རྟགས་ཐོན་མེད་པས། ལོ་3ཙམ་སོང་རྗེས་བུད་མེད་དེས་ཨེ་ཙི་ནད་སྨན་བཅོས་བྱེད་མཚམས་བཞག་ཡོད་ལ། ཟླ་བ་བཅུ་བཞི་སོང་རྗེས་ཁོ་མོར་བསྐྱར་འཕར་གྱི་སྣང་ཚུལ་ཐོན་མེད་པ་རེད།
འོན་ཀྱང་ཞིབ་འཇུག་ཚོགས་པས་ཀྱང་ཨེ་ཙི་ནད་པའི་གྲངས་འབོར་ཧ་ཅང་ཆེ་མོད། སྨན་བཅོས་བྱེད་ཐབས་དེ་རིགས་སྤྱོད་རྒྱ་ཧ་ཅང་ཆུང་བས་ལོ་ལྟར་ཕལ་ཆེར་མི་50ཙམ་ལས་བཅོས་ཐུབ་ཀྱི་མེད་པས་མིག་སྔར་ཁོ་ཚོས་བུད་མེད་འདི་ཨེ་ཙི་ནད་“ཞི་སེལ་”གྱི་རྣམ་པར་གནས་ཞེས་ཟེར་བ་ལས་སྨན་བཅོས་“དྲག་སྐྱེད་”བྱུང་བ་ཞེས་ཟེར་གྱི་མེད།
རྩོམ་སྒྲིག་པ། བདེ་སྒྲོན།