ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

གཟབ་རོགས། ཟས་རིགས་འདི་དག་གིས་སྐྲན་ནད་སློང་ཉེན་ཆེ།

སྤེལ་དུས 2022-04-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    བདེ་ཐང་ནི་བཟའ་བཏུང་གི་གོམས་གཤིས་དང་འབྲེལ་བ་དམ་པོ་ཡོད་དེ། རྒྱུ་མའི་འབྲས་སྐྲན་དང་། མཆིན་སྐྲན། ཕོ་བའི་འབྲས་སྐྲན། མིད་སྐྲན། ཁ་འབྲས་སོགས་ཐོས་པ་ཙམ་གྱིས་ཞེད་སྣང་སྐྱེད་པར་བྱེད་པའི་སྐྲན་ནད་འདི་ཟ་མ་ལས་པའི་ཤས་ཆེ་བ་ཡིན། འོ་ན་བདེ་ཐང་ཡོང་བར་བཟའ་བཏུང་གི་གོམས་གཤིས་ཇི་འདྲ་ཡོད་དགོས་སམ་ཞེ་ན།
རྒྱུ་མའི་འབྲས་སྐྲན།

   པེ་ཅིན་སློབ་ཆེན་མི་དམངས་སྨན་ཁང་གི་ཕོ་རྒྱུ་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཀའོ་ཀྲི་ཏུང་གིས་བསྟན་པར། རྒྱུ་མའི་འབྲས་སྐྲན་ནི་བཟང་བཏུང་གི་གོམས་གཤིས་དང་འབྲེལ་བ་ཟབ་མོ་ཡོད་དེ། སྣུམ་བཙོས་ཟས་རིགས་དང་སྡེབ་སྦྱོར་བྱས་པའི་ཤ་རིགས་སོགས་ཟ་མང་བ་དང་། རྩིང་འབྲུ་དང་སྔོ་ཚལ་ཟ་ཉུང་ཞིང་དུས་རྒྱུན་ལུས་ཕུང་སྦྱོང་བརྡར་མ་བྱས་ཚེ་འཕོ་བའི་འཇུ་ནུས་ལ་ཤུགས་རྐྱེན་ཐེབས་པ་ཡིན། ཚིལ་འདུས་ཚད་ཆེ་བའི་ཟ་མ་ཟོས་ན་མཁྲིས་ཁུ་སྐྱུར་ཟགས་ཐོན་ཇེ་མང་དུ་འགྲོ་བས། རྒྱུ་མའི་འབྱར་སྐྱི་ལ་གནོད་འཚེ་སྐྱེད་པ་ཡིན་ལ། དུས་ཡུན་རིང་ན་རྒྱུ་མའི་འབྲས་སྐྲན་སློང་བའི་ཉེན་ཁ་ཡོད།
མཆིན་སྐྲན།

  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་གསོ་རིག་ལྟེ་གནས་དང་པོའི་མཆིན་མཁྲིས་ཤན་གསོ་རིག་པུའུ་ཡི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་ཀྲའོ་གོ་ཏུང་གིས་བསྟན་པར། འཁྱོག་རླམ་སེར་པོའི་དུག་རྒྱུ་ནི་འཁྱོག་རླམ་སེར་སྲིན་གྱི་བརྗེ་ཚབ་ཐོན་དངོས་ཡིན་ཞིང་། དྲོད་ཚད་ནི་28℃ནས་38℃བར་སྐྱེ་འཕེལ་བྱེད་པ་ཡིན། རླན་སར་གནས་ཤིང་མིག་དབང་གིས་ཟིན་དཀའ་ལ་མཆིན་སྐྲན་སློང་ཉེན་ཡོད། འཁྱོག་རླམ་སེར་པོའི་དུག་རྒྱུ་1mgཡིས་སྐྲན་ནད་སྐྱེད་ཐུབ་པ་དང་། འཁྱོག་རླམ་སེར་པོའི་དུག་རྒྱུ་20mgཐེངས་གཅིག་ལ་ཐད་ཀར་མི་ལུས་ལ་བརྒྱབ་ན་དར་མ་ཡིན་ཡང་སྲོག་ཤོར་བ་ཡིན། དེའི་དུག་རང་བཞིན་ནི་ཆིན་ཅཱ་རྫས་ཀྱི་10དང་། བ་བླུའི་ལྡབ་68ཡིན། དེ་དྲོད་ཚད་280℃ཡན་ལ་མ་སླེབས་ཚེ་གཟོད་མི་ཐུབ་པས། དེ་ནི་ང་ཚོས་ཤེས་ཟིན་པའི་འབྲས་སྐྲན་སློང་བའི་སྐྱེ་དངོས་རྨེག་མེད་གཏོང་ཁག་ཤོས་ཡིན། དེ་ནི་ཧམ་སྤུ་བརྒྱབ་པའི་ཐུར་མ་དང་། དུས་ལས་ཡོལ་བའམ་ངོ་བོ་འགྱུར་བའི་བཟའ་སྣུམ། རུལ་འགྱུར་ཤུན་མཁྲེགས་ཤིང་ཏོག ངོ་བོ་འགྱུར་བའི་འབྲས་དང་མོག་མོག་སོགས་ལ་གནས་པ་ཡིན། རླམ་འགོག་བྱེད་པ་ནི་འཁྱོག་རླམ་སེར་པོའི་དུག་རྒྱུ་འགོག་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས། བཟའ་བཅའ་དང་འཚོ་བའི་མཁོ་ཆས་གང་ཞིག་ཡིན་ཡང་དྲོད་ཚད་དམའ་ཤིང་སྐམ་སར་ཉར་རྒྱུ་གལ་ཆེ།
ཕོ་བའི་འབྲས་སྐྲན།

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་གསོ་རིག་ལྟེ་གནས་དང་པོའི་འཇུ་བྱེད་ཚན་ཁག་གི་གསོ་རིག་པུའུ་ཡི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཁྲའེ་ཉིང་ལི་ཡིས་བསྟན་པར། མི་མང་པོ་ཞིག་ལ་མཚོན་ན་ཟ་མ་ཟ་སྐབས་ཚྭ་ཚལ། སྐྱུར་ཚལ། ཤ་བསྙལ་མ། བསྙལ་ཉ་སོགས་སྔོ་ཚལ་དང་། ཤ་རིགས། ཉ་རིགས་སོགས་ཀྱི་བསྙལ་ཟས་ཟ་བར་དགའ། དེ་དག་ཟོས་ན་བྲོ་བ་ཆེ་ཞིང་ཡི་ག་འབྱེད་ཐུབ་པ་ཡིན། ཡིན་ན་ཡང་། བསྙལ་ཟས་དེ་རིགས་ཀྱི་ཟེ་སྐྱུར་ཚྭ་ཕལ་བའི་འདུས་ཚད་ཅུང་མཐོ་བ་དང་། ཟེ་སྐྱུར་ཚྭ་ཕལ་བ་ལུས་པོའི་ནང་ཡུན་རིང་ལུས་ཚེ་སྐྲན་ནད་དང་ཡ་མ་གཟུགས་སྐྱེད་པའི་རྐྱེན་དུ་འགྲོ་ཉེན་ཡོད་པས། ཕོ་བའི་འབྲས་སྐྲན་སློང་རྐྱེན་གཙོ་བོ་ཞིག་ཡིན། ཚང་མས་དགའ་པོ་བྱེད་པའི་བསྲེགས་ཟས་ནང་དུ་ཡང་ཟེ་སྐྱུར་ཚྭ་ཕལ་བ་འདུས་མང་བ་ཡིན།
མིད་སྐྲན། 

   ནམ་རྒྱུན་ང་ཚོས། ཟ་མ་སླེབས་སོང་། ཚ་ཐོག་ལ་བཞེས་རོགས་ཞེས་བརྗོད་ཀྱི་ཡོད་མོད། ཚ་ཐོག་ལ་ཟོས་ན་བྲོ་བ་ཞིམ་པ་བདེན་ཡང་དུས་རྒྱུན་ཚ་ཐལ་ཆེ་བའི་ཟ་མ་ཟོས་ན་བདེ་ཐང་ལ་གནོད་པ་ཡིན།  དཔེར་ན། དྲོད་ཚད་65℃དང་དེ་ལས་མཐོ་བའི་ཟས་རིགས་ཟོས་ན་མིད་སྐྲན་སློང་ཉེན་ཇེ་ཆེར་གཏོང་སྲིད། རྒྱུ་མཚན་ཅི་ཞེ་ན། ཚ་ཐལ་ཆེ་བའི་ཟས་རིགས་ཟོས་ན་མིད་ཐག་གི་འབྱར་སྐྱི་ལ་རྨསོ་སྐྱོན་བཟོ་ཉེན་ཆེ། འབྱར་སྐྱི་ལ་གནོད་འཚེ་ཐེབས་རྗེས། ཕོ་ལོག་བྱུང་བས་ཀྱང་རྨས་སྐྱོན་ཕོག་པའི་མིད་པར་ཟུག་གཟེར་སྐྱེད་པ་ཡིན་ལ། ཡང་དང་བསྐྱར་དུ་ཕོ་ལོག་བྱུང་ནས་ཟུག་གཟེར་བསྐྱེད་ན་ཕྲ་ཕུང་སྐྲན་འབྱུང་བྱུང་ནས་མིད་སྐྲན་འབྱུང་ཉེན་ཆེ།
ཁ་འབྲས།

    པེ་ཅིན་སློབ་ཆེན་ཁ་ནད་སྨན་ཁང་གི་ཁ་ནང་འབྱར་སྐྱིའི་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ལིའུ་ཧུང་ཝའེ་ཡིས་བསྟན་པར། ཁ་འབྲས་ཕོག་མཁན་མི་ཉུང་བ་ཞིག་དུས་ཡུན་རིང་པོར་གོ་ཡུ་ལྡད་པར་དགའ་མཁན་འབའ་ཞིག་ཡིན། གོ་ཡུའི་ནང་སྐྲན་སློང་དངོས་རྫས་འདུས་པ་མ་ཟད་གོ་ཡུ་མཁྱེགས་པོ་ཡོད་གཤིས་དུས་ཡུན་རིང་པར་ལྡད་བརྒྱབ་ན་ཁ་ནང་གི་འབྱར་སྐྱི་ལ་གནོད་འཚེ་ཕོག་ནས་ཁ་སྐྲན་སློང་ཉེན་ཡོད།