ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

བོད་ལྗོངས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི8521འདེད་ལེན་་་

སྤེལ་དུས 2022-04-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཟླ་4ཚེས་20ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ལས་རིགས་ཀྱི་རང་གཅུན་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་རང་བཞིན་ཆེ་རུ་ཕྱིན་པ། སྨན་བཅོས་འགན་བཅོལ་གཡོ་ཁྱེར་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས་རྩ་བ་དྲུངས་འབྱིན་བྱེད་པའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

     བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཅུས་ཀྲང་གཞོན་པ་སུང་ཝུའེ་ཏུང་གིས། སྨན་བཅོས་འགན་བཅོལ་ཐེབས་རྩ་ནི་མང་ཚོགས་ཀྱི་སྨན་བཅོས་བྱེད་སྐབས་ཀྱི་“སྲོག་སྐྱོབ་དངུལ་”ཡིན་ཞིང་། སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ་ནི་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་ཐབས་གལ་ཆེ་ཤོས་ཡིན། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཅུས་བཙུགས་ཚུན་དུ་སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་རྩིས་ནས། ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ཁག་ཏན་ཏིག་གིས་སྤེལ་བ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ཁྲིམས་འགལ་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ཁྱེར་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཟིལ་ཤུགས་ཆེན་པོ་ཞིག་ཆགས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
     སུང་ཝུའེ་ཏུང་གིས། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཅུས་བཙུགས་པའི་ལོ་ངོ་གསུམ་རིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གི་མིང་ཐོག་ནས་《སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཤིང་། སྔ་རྗེས་སུ་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ཁྱེར་བྱེད་པར་རྡུང་རྡེག་གཏོང་བའི་ལས་དོན་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་དང་། སྨན་བཅོས་འགན་བཅོལ་གྱི་སྤྱི་ཚོགས་ལྟ་སྐུལ་ལམ་ལུགས། ཁུངས་སྣེ་ཐེར་འདོན་དང་ཞིབ་བཤེར་ཐག་གཅོད་ལས་ཀའི་ལམ་ལུགས། ཐེར་འདོན་ལ་བྱ་དགའ་སྤྲོད་ཐབས་སོགས་ལམ་ལུགས་ཀྱི་ཡིག་ཆ་བཏོན་ཡོད། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”གི་ལྟ་སྐུལ་དོ་དམ་ལམ་ལུགས་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་དེ་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན་དུ་གྲུབ་པར་སྐུལ་འདེད་བཏང་སྟེ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་། མཉམ་འབྲེལ་ཆད་གཅོད། སྤྱི་ཚོགས་མཉམ་བཅོས་བཅས་ཀྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད་ཅེས་བརྗོད་ཡོད།

     2019ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་4366ལ་ཞིབ་བཤེར་དང་། སྒྲིག་འགལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་748ཐག་གཅོད། སྒྲིག་འགལ་ངང་འགན་བཅོལ་ནང་ཞུགས་མཁན་11ཐག་གཅོད། སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི་8521ལྷག་ཙམ་འདེད་ལེན། སྲིད་འཛིན་གྱི་ཆད་པ་སྒོར་ཁྲི་112གཅོད་པ་བཅས་བྱས་ཡོད། ཐེར་འདོན་ཁུངས་སྣེ་39བདག་སྤྲོད་བྱས་ཤིང་། དེ་ལས་ཁུངས་སྣེ་25རྩད་ཆོད་པ་དང་། ཁུངས་སྣེ་8ནོར་འཁྲུལ་ཡིན་པ་ཤེས་ལ། ཁུངས་སྣེ་6དཔྱད་བཤེར་བྱེད་བཞིན་ཡོད། ཐེར་འདོན་མཁན་མི་3ལ་བྱ་དགའ་སྤྲད་པ་དང་། བྱ་དགའི་དངུལ་སྒོར་ཁྲི་1.2སྤྲད་ཡོད། དཔེ་མཚོན་གྱོད་ཞི་རང་འགུལ་ངང་དམར་རྗེན་དུ་བཏོན་རིགས་24བྱུང་ཡོད། འགན་བཅོལ་ནང་ཞུགས་མཁན་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག་3ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག་2སྒྲིག་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་རེད།
     སུང་ཝུའེ་ཏུང་གིས། འདི་ལོའི་ལོ་སྟོད་ནས་བཟུང་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་4ཡི་སྨན་བཅོས་བྱ་སྤྱོད་ཚད་ལྡན་མེད་པའི་གནད་དོན་32རྩིས་སྤྲད་པ་དང་། རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ལ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་གཉིས་ཀྱི་རིན་གོང་གྲོན་བསྡུའི་ལུགས་མཐུན་མིན་པའི་གནད་དོན་19རྩིས་སྤྲད་ཡོད་ཅེས་བརྗོད་འདུག
     བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་ཐེབས་རྩའི་ལྟ་སྐུལ་སུའོ་ཡི་འགོ་འཛིན་ཟླ་བ་མཚམས་གཅོད་ཀྱིས། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་། གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཚོང་ཁང་། འགན་བཅོལ་ནང་ཞུགས་པའི་མི་སྣ། སྨན་བཅོས་འགན་སྲུང་གཉེར་སྒྲུབ་སྒྲིག་གཞིའི་ལས་དོན་མི་སྣ་སོགས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ཁྱེར་བྱེད་མཁན་གྱི་ཁྲིམས་འགལ་སྒྲིག་འགལ་གནས་ཚུལ་དང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་ཆ་རྐྱེན་ངོ་སྤྲོད་བྱས་པ་རེད།
     བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཐོབ་ཐང་འགན་སྲུང་དང་སྨན་རྫས་ཞབས་ཞུ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཤེ་ཧྲི་པིན་གྱིས། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་རྗེས་གཏན་འབེབས་ལྟར་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཐོབ་ཐང་འགན་སྲུང་སྲིད་ཇུས་ཁག་གསུམ་ལོངས་སྤྱོད་བྱེད་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།