ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སོགས་ཀྱིས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད།

སྤེལ་དུས 2021-09-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          2021ལོར་སླེབས་སྐབས་སུ། ས་གནས་ཁག་གི་མ་མཐའི་གླ་ཕོགས་ཚད་གཞི་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་ཡོད། རགས་རྩིས་བྱས་པ་ལྟར་ན། ད་ལོར་ཉུང་མཐར་ཡང་ཞིང་ཆེན15ཡིས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད།
བོད་ལྗོངས་སོགས་ས་ཆ་མང་པོ་རུ་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་མཐོ་རུ་བཏང་བ།
          《མ་མཐའི་གླ་ཕོགས་སྐོར་གྱི་གཏན་འབེབས》ལ་གཞིགས་ན། མ་མཐའི་གླ་ཕོགས་ཀྱི་ཚད་གཞི་དེ་སྤྱིར་བཏང་དུ་ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་དང་ཆུ་ཚོད་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་གཉིས་ཡོད་ཅིང་། ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་དེ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ལས་ཞུགས་ངལ་རྩོལ་པར་སྤྱོད་རྒྱུ་དང་། ཆུ་ཚོད་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་དེ་ཉིན་ཧྲིལ་པོའི་ལམ་ལུགས་མ་ཡིན་པའི་ལས་ཞུགས་ངལ་རྩོལ་པར་སྤྱོད།

          ཞིབ་བཤེར་ལས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་ཧེ་ལུང་ཅང་དང་། ཅང་ཞི། ཤིན་ཅང་། ཧྲའན་ཞི། ཧྲང་ཧའེ། ཐེན་ཅིན། བོད་ལྗོངས། པེ་ཅིང་། ཀྲེ་ཅང་། ཅང་སུའུ། ཧུའུ་པེ། ཉིང་ཞ། ཀན་སུའུ། ཧྲན་ཞི། ལེའོ་ཉིང་སོགས་ས་ཁུལ15ཡིས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་ཡོད།
          ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར།
          བོད་ལྗོངས་ཀྱིས་ཟླ7པའི་ཚེས1ཉིན་ནས་བཟུང་། ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྒོར1650ནས་སྒོར1850བར་ལེགས་སྒྲིག་བྱས་པ་དང་། སྒོར200ཡིས་མཐོ་རུ་བཏང་ཡོད།
          ཕྱོགས་བསྡུས་སྒོས་བལྟས་ན། མིག་སྔའི་བར་དུ་ཧྲང་ཧའེ་དང་། པེ་ཅིང་། ཀྲེ་ཅང་། ཅང་སུའུ། ཀོང་ཏུང་། ཐེན་ཅིན། ཧུའུ་པེ་སོགས་ས་ཁུལ7གྱི་ཚད་རིམ་དང་པོའི་ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྒོར2000ལས་བརྒལ་བ་དང་། དེའི་ནང་དུ་མང་ཤོས་ནི་ཧྲང་ཧའེ་སྟེ།  དེར་སྒོར2590ཟིན། དེ་ལས་གཞན། ཆུ་ཚོད་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞིའི་ཐད་དུ་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཀྲེ་ཅང་། ཅང་སུའུ། ཀོང་ཏུང་བཅས་ཀྱི་ཚད་རིམ་དང་པོའི་ཚད་གཞི་སྒོར20ལས་བརྒལ་ཞིང་། དེའི་ནང་པེ་ཅིང་གི་ཚད་གཞི་མཐོ་ཤོས་ཏེ་སྒོར25.3རེད།
          གོང་གསལ་ས་ཁུལ་ཁག་ལས་གཞན། ཧྲན་ཏུང་དང་ཅི་ལིན་སོགས་ཞིང་ཆེན4ཡིས་ད་ལོར་ལེགས་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
མ་མཐའི་གླ་ཕོགས་ཀྱི་ཚད་གཞི་མཐོ་རུ་བཏང་ན་ཤུགས་རྐྱེན་ཅི་ཞིག་འབྱུང་སྲིད་དམ།
          ཤེས་རྟོགས་བྱུང་བར་གཞིགས་ན། མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ངལ་རྩོལ་པས་ཁྲིམས་བཀོད་ཀྱི་ལས་ཀའི་དུས་ཚོད་དམ་ཡང་ན་ཁྲིམས་ལྟར་བཞག་པའི་ངལ་རྩོལ་གན་རྒྱར་ཁ་ཆད་བྱས་པའི་ལས་ཀའི་དུས་ཚོད་ནང་རྒྱུན་ལྡན་གྱི་ངལ་རྩོལ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག མི་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྲོད་དགོས་པའི་ངལ་རྩོལ་ཐོབ་ཆ་དམའ་ཤོས་ལ་ཟེར།
          ཧྭ་ནན་དགེ་འོས་སློབ་ཆེན་གྱི་ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་སུན་ཀྲུང་ཝུའེ་ཡིས་བསྟན་དོན། མ་མཐའི་གླ་ཕོགས་ལེགས་སྒྲིག་བྱས་པ་ལས་ཐད་ཀར་གླ་ཕོགས་འཕར་སྲིད་པ་དང་། གཙོ་བོ་རིམ་པ་དང་པོའི་ངལ་རྩོལ་པའི་གཞི་རྩའི་གླ་ཕོགས་དང་ལས་དུས་འཕར་མའི་གླ་ཕོགས་ཀྱི་གཞི་གྲངས་མཐོ་རུ་གཏོང་བའི་བྱ་ཐབས་བརྒྱུད་ངལ་རྩོལ་པའི་གླ་ཕོགས་འཕར་རྒྱུར་སྐུལ་འདེད་གཏོང་བ་རེད། དེ་ལས་གཞན། ངལ་རྩོལ་ནུས་ཤུགས་མི་འདང་བའི་དུས་སྐབས་སུ་མ་མཐའི་གླ་ཕོགས་ཧ་ཅང་དམའ་ཚེ་ས་གནས་དེ་གར་གླ་པ་སྡོད་རྒྱུར་གནོད་པ་ཡོད་པས་ངལ་རྩོལ་ནུས་ཤུགས་ཤོར་ངེས་རེད། ཞིང་ཆེན་ཁག་ཚང་མས་མི་རྩོད་རེས་དང་ངལ་རྩོལ་ནུས་ཤུགས་རྩོད་རེས་བྱེད་པས་མ་མཐའི་གླ་ཕོགས་ནི་ཧ་ཅང་གལ་འགངས་ཆེ་བའི་གླ་ཆའི་བརྡ་རྟགས་ཤིག་རེད་ཅེས་བསྟན།
          ཀྲེ་ཅང་ཅིང་ཧེང་(ཉིང་པོ།)གི་ཁྲིམས་རྩོད་ལས་དོན་ཁང་གི་མཉམ་གཉེར་པ་དང་། གཏམ་སྤྱོད་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་ཚོགས་པའི་འགན་འཛིན་ལིའུ་ཐའོ་ཡིས་བསྟན་དོན། མ་མཐའི་གླ་ཕོགས་ཚད་གཞི་མཐོ་རུ་བཏང་རྗེས་སུ། མིག་མཐོང་ལག་ཟིན་དུ་གྱུར་པའི་ཕན་ནུས་ནི་སྤྱི་ཚོགས་འགན་སྲུང་ཡོང་འབབ་ཀྱི་ཚད་གཞི་ཡང་དེ་དང་ཆབས་ཅིག་ཏུ་མཐོ་རུ་འགྲོ་རྒྱུ་རེད། དེ་དང་མཉམ་དུ་ལས་བཟོ་པར་ལས་རྨས་བྱུང་བ་དང་། ཁེ་ལས་དང་ངལ་རྩོལ་རྩོད་གླེང་བྱུང་ནས་ངལ་རྩོལ་འདུམ་གཅོད་ལ་རེ་ཞུ་བྱེད་སྐབས་སུ། མ་མཐའི་གླ་ཕོགས་ཀྱི་ཚད་གཞི་མཐོ་རུ་བཏང་བ་དེས་སྐྱིན་ཚབ་འཇལ་བའི་དངུལ་གྲངས་ལ་ཤུགས་རྐྱེན་ཐེབས་སྲིད། དཔེར་ན། ལས་རྨས་དངུལ་སྤྲོད་དང་། ལྡབ་གཉིས་ཀྱི་གླ་ཕོགས་རེ་ཞུ་བྱེད་པ། དཔལ་འབྱོར་ཁ་གསབ་དངུལ་དང་དེ་བཞིན་ལས་དུས་འཕར་སྣོན་བྱས་པའི་གླ་ཕོགས་རྩིས་རྒྱག་སྐབས་སུ། བྱེ་བྲག་གི་དངུལ་གྲངས་དེ་རང་ཉིད་ཀྱི་གླ་ཕོགས་དང་འབྲེལ་བ་ཡོད་པ་སྟེ། གལ་ཏེ་རང་ཉིད་ཀྱི་གླ་ཕོགས་དེ་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལས་དམའ་ན། མ་མཐའི་གླ་ཕོགས་ཚད་གཞི་དེ་གཞི་གྲངས་སུ་བཞག་ནས་རྩིས་རྒྱག་དགོས་ཞེས་བསྟན།
རྩོམ་སྒྲིག་པོ། བསྟན་ཆོས།