ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མེ་རིའི་སྨུག་རྡུལ་ནི་ཆགས་འཇིག་འདི་ཉིད་བྱུང་བའི་གཏེ་བོ་ཡིན་པ་ཤེས།

སྤེལ་དུས 2021-04-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
       ལོ་ངོ་དུང་ཕྱུར2.5ཡས་མས་ཀྱི་གོང་དུ་སའི་གོ་ལའི་ལོ་རྒྱུས་སུ་གཞི་ཁྱོན་ཆེས་ཆེ་བའི་ཚེ་སྲོག་གི་ཆགས་འཇིག་དོན་རྐྱེན་ཞིག་བྱུང་བ་སྟེ། 90%ལས་བརྒལ་བའི་རྒྱ་མཚོའི་སྐྱེ་དངོས་དང70%ཡི་སྐམ་སའི་སྐྱེ་དངོས་མེད་པར་གྱུར། མི་མང་ཤོས་ཀྱི་ལྟ་ཚུལ་ལྟར་ན་དེ་ནི་ཞི་པོ་ལི་ཡ་ཡི “རིམ་འདས་མེ་རི”འཕྱུར་བ་དང་འབྲེལ་བ་ཡོད་པར་སྙམ་ཡོད། 
       ཉེ་ཆར་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཧྲེན་ཡན་ཨན་ཞིབ་འཇུག་ལས་གཞི་ཚོགས་པས་མེ་རི་ལས་ཐོན་པའི“སྨུག་རྡུལ” ནི་ཕལ་ཆེར་ཆགས་འཇིག་ཆེན་མོ་འདི་ཉིད་བྱུང་བའི་གཏེ་བོ་ཡིན་པ་ཤེས་རྟོགས་བྱུང་ཡོད། 
       སྔོན་ཆད་སའི་གོ་ལར་ཆགས་འཇིག་ཐེངས5བྱུང་མྱོང་བ་དང་། དེ་ལས་ཕལ་ཆེར་ལོ་ངོ་དུང་ཕྱུར2.5ཡི་སྔོན་གྱི་འཇིག་རྟེན་ཆགས་རིམ་གཉིས་པའི་དུས་མཇུག་གི་ཆགས་འཇིག་ཐེངས་གསུམ་པ་དེ་ནི་ཆེས་ཚབས་ཆེ་ཤོས་ཡིན་པ་རེད། རྒྱ་མཚོའི་ནང་གི་ལོ་ངོ་དུང་ཕྱུར་དུ་མའི་རིང་ལ་འཚོ་སྡོད་བྱས་པའི་འབུ་འདབ་གསུམ་མ་དང་། ཚེར་ཉ། གནའ་བོའི་བྱུ་རུ་སོགས་རྒྱུན་ཆད་པའི་གནས་སུ་གྱར་བ་དང་། མཁྲིག་སྡེར་ཅན་དང་སྐོགས་ཟུང་རིགས་སོགས་ཀྱི་སྐྱེ་དངོས་ལ་གྱོང་གུན་ཚབས་ཆེན་ཐེབས། སྐམ་སའི་ཐོག་གི་སྐམ་ཆུ་གཉིས་འཚོ་དང་། སུག་བཞིའི་སྲོག་ཆགས། དེ་བཞིན་འབུ་སྲིན་མང་ཆེ་བའི་རྒྱུན་ཆད་པ་དང་། རྩི་ཤིང་འབོར་ཆེན་འཇིག་པས་སྐབས་དེའི་རྡོ་སོལ་གྱི་བང་རིམ་མེད་པར་གྱུར་པ་རེད།

       འཇིག་རྟེན་ཆགས་རིམ་གཉིས་པའི་དུས་མཇུག་ཏུ་རྒྱུན་ཆད་པའི་འབུ་འདབ་གསུམ་མའི་འགྱུར་རྡོ།

       འཇིག་རྟེན་ཆགས་རིམ་གཉིས་པའི་དུས་མཇུག་ཏུ་རྒྱུན་ཆད་པའི་གནའ་བོའི་བྱུ་རུའི་འགྱུར་རྡོ།
       རྒྱལ་སྤྱིའི་རིག་གཞུང་གི་སྡེ་ནས་ཆགས་འཇིག་ཆེན་པོ་འདི་ཉིད་བྱུང་བའི་རྒྱུ་རྐྱེན་ལ་གཞུང་ལུགས་སྣ་ཚོགས་ཤིག་བཏོན་པ་དང་། དེ་ལས་ལྟ་ཚུལ་གཙོ་བོ་ནི་ཞི་པོ་ལི་ཡའི“རིམ་འདས་མེ་རི”འཕྱུར་བ་ལས་གོ་ལ་ཧྲིལ་པོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ཞིབ་ཕྲའི་ལོ་རབས་ཚད་ལེན་ཚོད་ལྟ་བྱས་པའི་འབྲས་བུ་གསར་པ་ལྟར་ན། “རིམ་འདས་མེ་རི”དེ་ཆགས་འཇིག་ཆེན་མོ་མ་ཐེབས་པའི་ལོ་ངོ་ཁྲི30ཡི་སྔོན་ནས་འཕྱུར་འགོ་ཚུགས་པ་ཡིན་པས་དེ་གཉིས་དབར་གྱི་འབྲེལ་བ་དེ་ཚན་རིག་གི་གསང་བ་ཞིག་ཏུ་གྱུར་ཡོད།
       ཁ་ན་ཏའི་བྱང་རྒྱུད་ཀྱི་སི་ཝོ་ཏེ་ལུའུ་ཕུའུ་གཤོང་ས་ནི་ཞི་པོ་ལི་ཡའི“རིམ་འདས་མེ་རིའི”འོག་གི་རླུང་ཁར་གནས་ཤིང་། ཧྲེན་ཡན་ཨན་ཞིབ་འཇུག་ལས་གཞི་ཚོགས་པས་ཞིབ་འཇུག་བྱས་ཏེ་ས་གནས་དེ་གའི་འཇིག་རྟེན་ཆགས་རིམ་གཉིས་པའི་དུས་རབས་ཀྱི་བྲག་རྡོའི་བང་རིམ་དུ་གཞི་རྒྱུ་ཉའེ་ཞེས་པའི་འདུས་ཚད་བརྒྱ་ཆའི118ནས249བར་ཡིན་པ་དང་དེ་བྲག་རྡོ་དཀྱུས་མའི་འདུས་ཚད་དེ་བརྒྱ་ཆའི18ནས40བར་གྱི་གར་ཚད་ལས་ཧ་ཅང་མཐོ་བ་ཡོད་ལ།  ཚེ་སྲོག་གི་ཆགས་འཇིག་བྱུང་བའི་བང་རིམ་དུ་སླེབས་སྐབས་ཉའེ་ཡི་གར་ཚད་དེ་གློ་བུར་དུ36བར་མར་ཆགས་པ་ཤེས་རྟོགས་བྱུང་བ་རེད།

       ཚན་རིག་ཞིབ་འཇུག་མི་སྣས་ཁ་ན་ཏ་ཡི་སི་ཝོ་ཏེ་ལུའུ་ཕུའུ་གཤོང་སར་བྲག་རྡོ་རིམ་པའི་དངོས་དཔེ་འཚོལ་བསྡུ་བྱས་པ།
      “བྲག་རྡོ་ཉའེ་ཡི་གར་ཚད་དང་མཚོ་ཆུའི་དབྱང་རླུང་འདུས་ཚད་ཕན་ཚུན་དོ་མཉམ་ཡིན་པ་དང་། མེ་རི་འཕྱུར་ནས་རླུང་ཁམས་ཆེན་མོ་བརྒྱུད་དེ་རྒྱ་མཚོའི་གྲུབ་ཆར་འགྱུར་ལྡོག་བྱུང་བའི་བརྒྱུད་རིམ་ཟིན་ཐོར་བཀོད་ཡོད། དུས་འགོའི་མཚོ་ཆུ་རུ་ཉའེ་ཡི་གར་ཚད་མཐོ་རུ་ཕྱིན་པ་དང་དུས་མཇུག་ཏུ་ཅ་ཝན་འབུ་ཕྲ་འབོར་ཆེན་སྐྱེ་འཕེལ་བྱས་ནས་ཉའེ‘ཁྱུར་མིད’བཏང་བ་མ་ཟད་དྲོད་ཁང་གི་རླངས་གཟུགས་ཕྱིར་ཕུད་པ་ཡིན།” ཞེས་ཀྲུང་གོའི་ཚན་རིག་སློབ་ཆེན་གྱི་འབུམ་རམས་པ་ཕྱི་ཚར་ལི་མོང་ཧན་གྱིས་དབྱེ་ཞིབ་བྱས་ནས་དེ་ལྟར་བཤད་པ་རེད།
       “མེ་རི་ཉུང་མཐར་ཡང་ལོ་ངོ་ཁྲི80ལ་འཕྱུར་བ་དེ་མེ་མདའི་སྐམ་པ་མནན་པ་དང་འདྲ་བར་གཅིག་ལ་གཅིག་རྟེན་གྱིས་འགྱུར་ལྡོག་བྱུང་ཡོད”ཅེས་བཤད། ཧྲེན་ཡན་ཨན་གྱིས“རིམ་འདས་མེ་རི”ཡིས་ས་འོག་གི་ཉའེ་གཏེར་མཁའ་དབྱིངས་སུ་འཕྱུར་ནས“ཉའེ་སྨུག་རྡུལ”ཆགས་པ་དང་རླུང་ཁམས་ཆེན་མོའི་འཁོར་རྒྱུག་བརྒྱུད་དེ་གོ་ལ་ཧྲིལ་པོར་བབས་ཤིང་། ཚད་ལས་འདས་པའི་ཉའེ་ཡིས་རྩི་ཤིང་གི་འོད་འདྲེས་དང་འབྱིན་རྔུབ་ནུས་པར་ཚོད་འཛིན་བྱས་པ་མ་ཟད། ད་དུང་མཚོ་ཆུའི་དབྱང་རླུང་དང་སྐྱུར་འགྱུར་བྱུང་ནས་སྐྱེ་དངོས་འབོར་ཆེན་ཤི་རུ་བཅུག་པར་ངོས་འཛིན་བྱེད་ཀྱིན་ཡོད།

       འཇིག་རྟེན་ཆགས་རིམ་གཉིས་པའི་དུས་མཇུག་ཏུ་རྒྱུན་ཆད་པའི་འབུ་སྐྱོགས་རིགས་ཀྱི་འགྱུར་རྡོ།

       འཇིག་རྟེན་ཆགས་རིམ་གཉིས་པའི་དུས་མཇུག་ཏུ་རྒྱུན་ཆད་པའི་ལུག་མིག་གི་འགྱུར་རྡོ།
       ཞིབ་འཇུག་འདིས་ཐོག་མར་ཉའེ་ཡི་གནས་མཐུན་རྒྱུ་བཀོལ་ནས་ཚེ་སྲོག་གི་ཆགས་འཇིག་གོ་རིམ་ཁྲོད་ཀྱི་ཁོར་ཡུག་གི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ཤིང་། མིག་སྔར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང་གསར་འགྱུར》ཐོག་གྲུབ་འབྲས་དེ་སྤེལ་བ་རེད།
       ཧྲེན་ཡན་ཨན་གྱིས་ཉེ་རབས་སུའང་མེ་རི་འཕྱུར་ནས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དོན་རྐྱེན་ཐོན་ཡོད་པ་དཔེར་ན། 1783ལོར་འཁྱགས་གླིང་གི་མེ་རི་ཞིག་འཕྱུར་ཏེ་དབྱང་གཉིས་མུ་ཟི་ཏུན་དུང་ཕྱུར1.2ཙམ་ཐོན་པ་དེས་ཡོ་རོབ་གླིང་དུ་ལོ་ཤས་རིང་སྐྱུར་ཆར་དང་ཐན་པ་བྱུང་ནས་ཞིང་འབྲོག་ལས་རིགས་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་ཅེས་མཚམས་སྦྱོར་གནང་བ་རེད། “དེར་བརྟེན། མེ་རི་དང་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་ཁ་གཏད་འཇལ་བའི་ཐབས་ལམ་འཚོལ་དགོས།”ཞེས་གསུངས། 
རྩོམ་སྒྲིག་པ། སྣང་རྡོར།