ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ལོའི་མཐོ་རྒྱུགས་ཀྱི་ནང་དོན་མདོར་ན་ཡིག་འབྲུ་འདི་དྲུག་ལས་མ་འདས།

སྤེལ་དུས 2021-06-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  སྤྱི་ཟླ6པའི་ཚེས8ཉིན་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཉིན་གཉིས་པར་སླེབས་པ་དང་ཞིང་ཆེན་ཁག་གཅིག་གི་ཡིག་ཚད་ཚང་མ་མཇུག་འགྲིལ་ཡོད། ཡིག་ཚད་བཏང་ཟིན་པའི་བསླབ་ཚན་རྣམས་ལ་བལྟས་ཚེ། ད་ལོའི་མཐོ་རྒྱུགས་ཀྱི་ནང་དུ་རྒྱུགས་སྤྲོད་སློབ་མར“ཏང་དང་། དུས་རབས། མི་སྒེར”བཅས་ལ་དོ་སྣང་བྱེད་པར་སྣེ་ཁྲིད་པ་ལ་ཁ་ཕྱོགས་ནས“མཉམ་འདྲེས་དང་། སྒོ་འབྱེད། བརྟན་ལྷིང”བཅས་ཀྱི་ཁྱད་ཆོས་མཚོན་ཡོད།

སྤྱི་ཟླ6པའི་ཚེས8ཉིན།  ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཝུའུ་ཏིང་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་ཀྱི་རྣམ་པ།
ཏང་།
          ལོ་རྒྱུས་ནི་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་དེབ་ཅིག་རེད།
          ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་། “ལོ་བརྒྱ་ཅན་གཉིས”ཀྱི་འབད་འཐབ་དམིགས་འབེན་ལྷན་དུ་འདྲེས་པའི་སྣོལ་མཚམས་ཤིག་ཀྱང་ཡིན། དེའི་ཕྱིར་ན།  ཏང་གི་ལོ་རྒྱུས་བརྗོད་གཞིར་བྱས་པ་ནི2021ལོའི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་བརྗོད་གཞི་གཙོ་བོ་ཞིག་རེད།
          སློབ་གསོ་པུའུ་ཡི་རྒྱུགས་སྤྲོད་ལྟེ་གནས་ཀྱི་རྒྱུགས་གཞིའི་ཆེད་མཁས་པས“ད་ལོའི་མཐོ་རྒྱུགས་ཀྱི་བསླབ་ཚན་མང་པོ་ཞིག་ཏུ་ཏང་གི་ལོ་རྒྱུས་སྐོར་ནས་དྲི་བ་ཐོན་པ་མང་ཞིང་། དེས་རྒྱུགས་སྤྲོད་སློབ་མར་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ཕུགས་འདུན་དད་སེམས་ཇེ་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་འདུག”ཅེས་བཤད།
          མཐོ་རྒྱུགས་གསར་པའི་སྐད་ཡིག་རྒྱུགས་ཤོགⅠགི་རྩོམ་རིག་ཀྱི་ལྟ་ཀློག་ལ་བརྩམས་སྒྲུང《ཧྲི་མོན་གཡུལ་ས》ཞེས་པ་བདམས་ཡོད་ཅིང་། འདིས་རྒྱུགས་སྤྲོད་སློབ་མར་གསར་བརྗེའི་འཐབ་རྩོད་ཀྱི་དུས་སྐབས་སུ་ཀྲུང་གོའི་གུང་ཁྲན་ཏང་མིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་ལ་བསྐྱར་དར་ཡོང་རྒྱུའི་ཆེད་དུ་འབད་པ་བྱས་པའི་སྙིང་སྟོབས་ཚོར་ཐུབ་པ་དང་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱ་བར་ཁྲིད་སྟོན་བྱས་པ་རེད།
          ཆབ་སྲིད་ཀྱི་རྒྱལ་ཡོངས་རིག་ཚན་ཕྱོགས་བསྡུས་རྒྱུགས་ཤོག་ཁ་པ་ནི་བློ་མཐུན་མའོ་ཙེ་ཏུང་གི“ངེས་པར་དུ་བྱ་དགོས་པ་གཉིས“ཀྱི་དགོངས་པ་གལ་ཆེན་དང་པེ་ཅིང་དུ“རྒྱུགས་སྤྲོད་པར་འགྲོ་བའི“གླེང་མོལ་དེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བྱས་ཤིང་། རྒྱུགས་སྤྲོད་སློབ་མས་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ལ་བསམ་གཞིགས་དང་དབྱེ་ཞིབ་བྱེད་པའི་ནུས་པ་དང་ཆུ་ཚད་ལ་ཕྱོགས་བསྡུས་ཀྱིས་བརྟག་ནས། ཏང་གི་ལོ་ངོ་བརྒྱ་ཡི་ལོ་རྒྱུས་ཁྲོད་དུ་དུས་དང་རྣམ་ཀུན་ཏུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱུང་བའི་གནད་འགག་ལ་ངོས་འཛིན་ཡང་དག་པ་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གིས་ཅིའི་ཕྱིར་སྒྲུབ་ཐུབ་པའི་གཞི་རྩའི་གནས་ལུགས་ལ་གོ་བ་གཏིང་ཟབ་མོ་ལེན་རྒྱུར་ཁྲིད་སྟོན་བྱས་ཡོད།

ཀྲུང་གོའི་གུང་ཁྲན་ཏང་གི་དེ་སྔའི་པེ་ཅིང་གསར་བརྗེའི་གནས་རྙིང་གཅིག་བསྡུས་ཀྱིས་ཕྱི་ཕྱོགས་ལ་སྒོ་ཕྱེ་ཡོད།
དུས་རབས།
          རླུང་སྒྲ་ཆར་སྒྲ་ཀློག་གི་སྒྲ། ། སྒྲ་རིགས་མ་ལུས་རྣ་བར་ཐོས། ། ཁྱིམ་དོན་རྒྱལ་དོན་གནམ་འོག་དོན། ། དོན་བྱ་མ་ལུས་སེམས་ཁུར་བྱེད། །
          དཔེ་ཆ་ཁྲིད་དེ་མི་གཞི་སྐྱོང་བ་ནི“བཀོད་འདོམས་དབྱུག་པ”གལ་ཆེན་ཞིག་ཡིན་པའི་ངོས་ནས། མཐོ་རྒྱུགས་ཀྱི་རྒྱུགས་གཞི་དེས་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་མཚོན་པ་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། དུས་རབས་ཀྱི་ཁྱད་ཆོས་མཚོན་པའི་རྒྱུ་ཆ་གསར་པ་དང་། གནས་ཚུལ་གསར་པ། གནད་དོན་གསར་པ་བཅས་སྤྱད་དེ་སློབ་མར་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་དོན་དངོས་དང་དཔལ་འབྱོར་ཚན་རྩལ་ཡར་རྒྱས་དང་འཕེལ་རྒྱས་འགྲོ་བ་དོ་སྣང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
          མཐོ་རྒྱུགས་གསར་པའི་རྩིས་རིག་རྒྱུགས་ཤོགⅡནི་བྱང་སྐར་ཨང་གསུམ་པའི་གོ་ལའི་འཁོར་སྐར་ཕྱོགས་སྟོན་མ་ལག་དེ་འདྲི་གཞི་བྱས་ཡོད་པ་དང་། ལངས་གཟུགས་དབྱིབས་རྩིས་ཀྱི་འདྲི་གཞི་ལས་རྒྱུགས་སྤྲོད་སློབ་མའི་བར་སྟོང་ལ་འཆར་ཡན་བྱེད་པའི་ནུས་པ་དང་ལྟ་ཀློག་ངོས་འཛིན། རྩིས་རིག་གི་རྣམ་པ་འཛུགས་སྐྲུན་གྱི་བྱང་ཚད་བཅས་ལ་བརྟག་དཔྱད་བྱས་པ་དང་། རྩིས་རིག་རྒྱུགས་ཤོག་ཀ་པས་རང་རྒྱལ་གྱི་དབུལ་བྲལ་འགག་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་གྲོང་གསེབ་དར་རྒྱས་ཡོང་བ་རྒྱབ་ལྗོངས་སུ་བྱས་ཏེ། དཔེ་རིས་དང་རེའུ་མིག་བརྒྱུད་དེ་ས་ཆ་ག་གེ་མོ་ཞིག་གི་ཞིང་དུད་ཁྱིམ་ཚང་གི་ཡོང་འབབ་གནས་ཚུལ་ལ་དཔེ་གཞི་གདམ་གསེས་ཀྱིས་བརྟག་དཔྱད་བྱས་ཏེ་གནད་དོན་ཇུས་འགོད་བྱས་ཤིང་། འདིས་རྒྱུགས་སྤྲོད་སློབ་མའི་གནད་དོན་དབྱེ་ཞིབ་དང་གཞི་གྲངས་ཐག་གཅོད་ཀྱི་ནུས་པར་བརྟག་དཔྱད་བྱས་པ་རེད།

2020ལོའི་ཟླ6པའི་ཚེས23ཉིན། རང་རྒྱལ་གྱི་བྱང་སྐར་ཨང་གསུམ་པའི་གོ་ལའི་འཁོར་སྐར་ཕྱོགས་སྟོན་མ་ལག་གི་དྲ་བ་འཛུགས་པའི་འཁོར་སྐར་མཐའ་མ་དེ་ཞིས་ཁྲང་འཁོར་སྐར་ལྟེ་གནས་ནས་མཁའ་དབྱིངས་སུ་བཏང་།
རང་ཉིད།
          མཐོ་རྒྱུགས་ནི་རང་ཉིད་འཚར་ལོངས་བྱུང་བའི་དབྱེ་མཚམས་ཤིག་རེད། ན་གཞོན་རྣམས་ཀྱིས་རང་ཉིད་ཀྱི་ནང་སེམས་ལ་དོ་སྣང་དང་། རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་དང་ནར་སོན་པའི་ཁ་ཕྱོགས་ལ་བསམ་གཞིགས་བྱེད་པར་ཁྲིད་སྟོན་ཇི་ལྟར་བྱ་དགོས་སམ།
          “ད་ལོའི་མཐོ་རྒྱུགས་ཀྱི་སྐད་ཡིག་རྒྱུགས་གཞི་ལ་བལྟས་ཚེ། རྩོམ་ཡིག་གི་ཁ་བྱང་མང་པོའི་ཐོག་ནས་ན་གཞོན་ཚོས་དུས་རབས་ཀྱི་ལས་འགན་དང་འགན་ཁུར་ནན་བཤད་བྱས་ཡོད”ཅེས་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་ཆེད་མཁས་ཚན་ཆུང་གི་ཁོངས་མི་ཁྲེན་ཀྲི་ཝུན་གྱིས་དེ་ལྟར་བཤད།
          རྒྱལ་ཡོངས་ཀྱི་རྒྱུགས་ཤོག་ཀ་པའི་རྩོམ་ཡིག་གི་ཁ་བྱང་ལ“བསྒྲུབ་ཐུབ་པ་དང་བསྒྲུབས་ངེས་པ”ཞེས་པ་དེ་ཡིན་ཞིང་། དེས་ན་གཞོན་ཚོ་འཚར་ལོངས་བྱུང་ནས་རང་ཉིད་ཀྱི་འཕེལ་རྒྱས་དེ་དེང་རབས་ཀྲུང་གོའི་དམིགས་བསལ་གྱི་ཁོར་ཡུག་ནས་བསམ་བློ་བཏང་སྟེ། ཀྲུང་གོའི་གུང་ཁྲན་ཏང་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས“ང་ཚོའི”བར་གྱི་འབྲེལ་བ་དམ་ཟབ་ཐོན་པར་བྱས་ཤིང་། རྒྱུགས་སྤྲོད་སློབ་མ་རེ་རེའི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམ་པོར་འབྲེལ་བ་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་པར་གོ་བ་གཏིང་ཟབ་ལེན་དགོས་པའི་ཁྲིད་སྟོན་བྱས་ཡོད།
མཉམ་འདྲེས། 
          སློབ་མའི་ཁྱོན་ཡོངས་དང་ཁྱད་ཆོས་གཉིས་ཀ་འཕེལ་རྒྱས་ཡོང་ཆེད། མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་ནང་དུ་ཤེས་བྱ་གནད་ཆིག་རྐྱང་ཅན་ལ་བརྟག་པར་མཐོང་ཆེན་བྱས་པར་མ་ཟད། གནད་དོན་ཀྱི་མཐིལ་རྟོགས་པར་དེ་བས་ཀྱང་ནན་མོར་བཟུང་ཡོད། རྒྱུགས་གཞིའི་ཁྲིད་སྟོན་གྱི“མཉམ་འདྲེས”བརྒྱུད་ནས་རྒྱུགས་སྤྲོད་སློབ་མའི་ཕྱོགས་མང་པོའི་ནུས་པ“མཉམ་འདྲེས”ཡོང་བ་གསོ་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
          སྐད་ཡིག་གི་མཐོ་རྒྱུགས་གསར་བའི་རྒྱུགས་ཤོགⅡཡི་རྩོམ་ཡིག“ལུས་རྩལ་གྱི་ཕན་འབྲས་དང་དྲག་ཞན་གྱི་འགྱུར་ལྡོག”ཅེས་པ་དེས་རྒྱུགས་སྤྲོད་སློབ་མའི་ནང་ཁུལ་གྱི་རྩོད་སྒྲུབ་བསམ་གཞིགས་ནུས་པ་དང་མཐའ་དཔྱོད་བསམ་གཞིགས་ནུས་པའི་རྟོག་ཞིབ་ལ་དོ་སྣང་ཆེན་པོ་བྱས་ཡོད་ལ། ཀྲེ་ཅང་གི་རྩོམ་ཡིག“ཐོབ་ཤོར། ཐོག་མཐའ། བརྒྱུད་རིམ”ཞེས་པས“ཐོབ་ཤོར”གྱི་ཟུར་མང་པོའི་མཐོང་སྣེ་ལ་གཞིགས་ཏེ། རྒྱུགས་སྤྲོད་སློབ་མས་འབྲེལ་བ་སྣ་མང་གི་ཁྲོད་ནས་རང་ཉིད་ཀྱི་ལྟ་སྟངས་གཏན་འཁེལ་བྱ་བར་རྟོག་དཔྱོད་བྱེད་པ་ཁྲིད་སྟོན་བྱས་ཡོད།
          ས་ཁམས་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ཤོག་ཁ་པས་ཁྲའོ་མཚོའི་འབབ་རྒྱུད་ཀྱི་ཆུ་ཞིང་གསར་སྤེལ་དང་བེད་སྤྱོད་བྱེད་པར་དམིགས་ནས་གཏན་ཚིགས་དམ་པའི་གནད་དོན་གཅིག་ལས་གཅིག་ཆེ་བ4ཇུས་འགོད་བྱས་ཏེ། སློབ་མར་མཚེའུ་དང་ཆུ་བོ། ཆུ་ཞིང་བཅས་ཀྱི་བར་སྟོང་གི་འགྱུར་ལྡོག་ལ་བསམ་གཞིགས་བྱེད་པར་ཁྲིད་སྟོན་བྱས། རྫས་འགྱུར་གྱི་རྒྱུགས་ཤོག་ཁ་པས་ལྕགས་བཙོ་སྦྱང་བྱེད་སའི་ཀའོ་ཐེ་ཐབ་སྙིགས་ཐེ་དང་ཧ་ཡང་། མའེ་བཅས་ཕྱིར་བསྡུ་བའི་བཟོ་རྩལ་བརྒྱུད་རིམ་འགྲེམ་སྟོན་བྱས་པ་དང་། ལྕགས་རིགས་གྱེས་རྡུལ་སྙིགས་བསིང་དང་འབྲེལ་བ་ཡོད་པའི་གཞི་གྲངས་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཏེ་སློབ་མར་ཕྱོགས་བསྡུས་དབྱེ་ཞིབ་བྱ་དགོས་པའི་བླང་བྱ་བཏོན་པ་མ་ཟད། དངོས་པོའི་ངོ་བོ་གཞིར་བཟུང་སྟེ་དངོས་པོ་གཞན་འགྱུར་གྱི་འབྲེལ་བ་དང་བཟོ་རྩལ་བྱེ་བྲག་གི་ཟུར་ལྟའི་གྲངས་གཞི་རིགས་འདེད་བྱེད་དགོས་པ་རེད།

ཁྲའོ་མཚོའི་འགྲམ་ངོགས་སུ་འབྲས་བསྡུ་བར་བྲེལ་བཞིན་པ།
སྒོ་འབྱེད།
          སྲོལ་རྒྱུན་དུ་ཆགས་པའི་རྒྱུགས་གཞིའི་རྣམ་པར་འགྱུར་ལྡོག་བཏང་ནས་རྒྱུགས་གཞིའི་སྒོ་འབྱེད་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་རུ་བཏང་ཚེ། རྒྱུགས་སྤྲོད་སློབ་མས་རང་གི་ཤེས་བྱ་བེད་སྤྱོད་ནུས་ལྡན་བྱ་བ་དང་རྒྱུགས་སྤྲོད་སློབ་མའི་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཁྲིད་སྟོན་བྱེད་ཐུབ།
          སྒོ་འབྱེད་རང་བཞིན་གྱི་ཇུས་འགོད་ཐད་ནས། སྐད་ཡིག་གི་མཐོ་རྒྱུགས་གསར་པར་མིང་གྲགས་ཅན་གྱི་རྩོམ་ཡིག་དང་ཚིག་གྲུབ་གྲགས་ཅན་བློ་འབྲི་བྱེད་པའི་སྒོ་འབྱེད་རང་བཞིན་གྱི་རྒྱུགས་གཞི་ཞིག་ཇུས་འགོད་བྱས་པ་དང་། དྲིས་ལན་ནི་སྣ་གཅིག་མ་ཡིན་པས་མི་རྣམས་ལ་གསར་རྐྱང་གི་སྣང་བ་ཞིག་བྱིན་ཡོད། རྩིས་རིག་གི་མཐོ་རྒྱུགས་གསར་བའི་རྒྱུགས་ཤོགⅡཡི་འདྲི་གཞི14པའི་དྲིས་ལན་ཡང་སྒོ་འབྱེད་རང་བཞིན་ལྡན་པས། ཆུ་ཚད་མི་འདྲ་བའི་རྒྱུགས་སྤྲོད་སློབ་མར་རྩིས་རིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་བར་མཐོངས་ཤིག་མཁོ་འདོན་བྱས་ཡོད།
          “ད་ལོའི་རྒྱུགས་གཞིའི་ནང་ངོ་རྒོལ་གསུམ་སྟེ། གཡོ་ཐབས་ལ་ངོ་རྒོལ་དང་། འདྲི་གཞི་ཚར་མང་འབྲི་བར་ངོ་རྒོལ། བཙན་གྱིས་བློ་ལ་འཛིན་པར་ངོ་རྒོལ”བཅས་བྱེད་པ་མཚོན་ཡོད་ལ། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་ཕྱི་རྒྱལ་སྐད་ཡིག་སློབ་གྲྭའི་དགེ་རྒན་ཧྥུ་ལི་ཀུའུ་ཡིས་ད་ལོའི་ཁ་བྱང་མང་པོ་ཞིག་ཇི་ལྟར་བྲིས་ཀྱང་ཧ་ཅང་འབྲི་དཀའ་བར་མ་ཟད། གལ་ཏེ་སློབ་མས་བཙན་གྱིས་བློར་བཟུང་བ་ཙམ་ཡིན་ན་ཁ་བྱང་ལ་ལ་ཞིག་ལན་གདབ་དཀའ་ཞེས་ཟེར།
བརྟན་ལྷིང་།
          “རྒྱུགས་ལེན་པ་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི”ཁྲིད་སྟོན་ནུས་པ་འདོན་སྤེལ་བྱ་ཆེད། ད་ལོའི་མཐོ་རྒྱུགས་ཀྱིས་ནང་དོན་གཙོ་བོ་ལ་དོ་ཁུར་དང་རྒྱུགས་སྤྲོད་སློབ་མའི་འབྱུང་འགྱུར་གྱི་འཚོ་བ་དང་། སློབ་སྦྱོང་། ལས་ཀ་བཅས་ལ་དགོས་ངེས་སུ་གྱུར་པའི་ཤེས་བྱ་དང་ནུས་པ། བྱང་ཚད་བཅས་ལ་དོ་སྣང་བྱས་ཏེ། “ཐལ་དྲགས་པ”དང་། “དཀའ་བ།” “རྙོག་དྲ་ཅན།” “ཡ་མཚན་ཅན”བཅས་ཀྱི་རྒྱུགས་གཞི་མེད་པར་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་བརྟན་ལྷིང་ཞི་ལྷོད་ཀྱི་སེམས་ཁམས་ཐོག་ནས་རྒྱུགས་ལན་འབྲི་ཐུབ་པར་བྱས་ཡོད།
          དངོས་ལུགས་རྒྱུགས་གཞིའི་ནང་བསླབ་ཚན་གྱི་ཚད་གཞི་གཞིར་བཟུང་སྟེ། སློབ་འབྲིང་གི་དངོས་ལུགས་སློབ་ཁྲིད་ཀྱི་ནང་དོན་གཞིགས་ནས་སློབ་མའི་རྨང་གཞིའི་དངོས་ལུགས་ཀྱི་གོ་དོན་དང་ཆོས་ཉིད་ལ་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་མོ་ལེན་ཐུབ་མིན་དང་ཁོང་དུ་ཆུད་ཡོད་མེད་ལ་བརྟག་སྟེ། སློབ་ཁྲིད་ཀྱིས་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་བྱ་རྒྱུ་ཁྲིད་སྟོན་བྱས་ནས་བསླབ་ཚན་གྱི་ཚད་གཞི་དང་སློབ་དེབ་ལ་ཉེ་བ་བྱས་ཡོད། 
          སྐྱེ་དངོས་རྒྱུགས་གཞིའི་ནང་དཔེ་རིས་འཆར་འགོད་བརྟན་པོ་ཡོང་བ་བྱ་རྒྱུ་རྩ་དོན་ཨང་དང་པོར་བཟུང་ནས་རྒྱུགས་ཤོག་གི་གྲུབ་ཚུལ་དང་། ནང་དོན་སྒྲིག་འཛུགས། དཀའ་ཚད་གྲུབ་ཚུལ། འདྲི་རྩད་བྱེད་སྟངས་སོགས་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱུགས་སྤྲོད་སློབ་མས་བདེ་བླག་ངང་ལན་འདེབས་ཐུབ་པ་དང་། ཆུ་ཚད་དངོས་མངོན་ཐུབ་པ། མཐོ་རྒྱུགས་ཀྱི་མི་ཆོས་ཐུགས་ཁུར་མཚོན་ཐུབ་པ་བཅས་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།