ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྟོང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཉིས་དྲིལ་བསྒྲགས་བྱས་པ།

སྤེལ་དུས 2021-06-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར མི་དམངས་འཐུས་ཚོགས་ཀྱི་འཐུས་མི(རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚུད།)སྟོང་གིས《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གསར་འཛུགས་སྲོལ་ཡིག》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》གཉིས་ཞེས་བསྡུ་རྒྱུ)དྲིལ་བསྒྲགས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། 

འགོ་ཚུགས་མཛད་སྒོའི་ཡུལ་དངོས།

འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་དྲིལ་བསྒྲགས་ལག་དེབ་ལེན་བཞིན་པ།
          ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཟླ་བ་ཡིས《སྲོལ་ཡིག》གཉིས་སློབ་སྦྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཟློག་ཐབས་མེད་པའི་འགན་འཁྲི་དང་ལས་འགན་ཞིག་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ལྷ་ས་གྲོང་ཁྱེར་གྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས། མི་རིགས་ཁག་གི་མི་དམངས་མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གསར་འཛུགས་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་བསྐྲུན་གྱི་ལས་དོན་ཡག་པོ་བསྒྲུབས་ནས《སྲོལ་ཡིག》སློབ་སྦྱོང་ལ་དཔེ་སྟོན་དང་དྲིལ་བསྒྲགས་ལ་སྣེ་ཁྲིད།  ཁྱབ་གདལ་དང་ལག་བསྟར་ བཅས་བྱེད་དགོས་ཞེས་བསྟན། 
          ལྷ་ས་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལའེ་ལི་ཧྥང་གིས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་སྲོལ་ཡིག་གཉིས་སློབ་སྦྱོང་དང་དྲིལ་བསྒྲགས། ཁྱབ་གདལ། ལྟ་སྐུལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྣེ་ཁྲིད་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ངོས་ནས་ཚང་མར་སྣེ་ཁྲིད་དེ་རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་ཇེ་ལེགས་སུ་གཏོང་བའི་འགན་འཁྲི་འཁུར་དགོས་ཞེས་གསུངས་པ་རེད། 
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྲང་ལམ་ཝ་པ་གླིང་སྡེ་ཁུལ་གྱི་གྲོང་མི་པད་མ་དབྱངས་ཅན་གྱིས་གསར་འགོད་པར། རང་ཉིད་གནས་སའི་སྡེ་ཁུལ་ནི་མི་རིགས་སྡེ་ཁུལ་དཔེ་མཚོན་ཅན་ཞིག་ཡིན་ཏེ། འདིར་བོད་རིགས་དང་ཧུའེ་རིགས། རྒྱ་རིགས། ཡུ་གུར་རིགས་སོགས་མི་རིགས་མང་པོའི་མང་ཚོགས་རྣམས་སྒོ་ར་ཆེན་པོ་ཞིག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད། “ང་ཚོ་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པས།  ཁྱིམ་ཚང་ཞིག་ལ་ལས་དོན་ཡོད་ཚེ་ཚང་མས་ཕན་ཚུན་ལ་རོགས་རམ་བྱེད་ཀྱི་ཡོད་ཅིང་། བྱ་བ་ཕྲན་ཚེགས་ཀྱི་རྐྱེན་པས་འགལ་ཟླ་དང་ཚིག་རྩོད་གང་ཡང་བྱུང་མ་མྱོང་བར་ཕན་ཚུན་འགྲིག་མཐུན་འཆམ་པོ་ཡོང་ཡོད”ཅེས་བཤད།
            《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གསར་འཛུགས་སྲོལ་ཡིག》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ཅེས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་གཉིས་ནི2020ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། སྔ་མ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང་། ཕྱི་མ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་བསྐྲུན་ཐད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་རེད། རིམ་པ་རྗེས་མར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མུ་མཐུད་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་གཉིས་མི་སེམས་སུ་ཟུག་པར་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། སྣང་རྡོར།