ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་ཧོ་ནན་ལ་སྒོར་ཁྲི50ཙམ་གྱི་དངོས་ཟོག་ཞལ་འདེབས་བརྒྱབ་འདུག

སྤེལ་དུས 2021-07-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་7ཚེས་27ཉིན། བོད་ལྗོངས་དང་ཧོ་ནན་དཀའ་ངལ་མཉམ་སེལ་གྱིས་དྲག་ཆར་རླུང་འཚུབ་ཁྲོད་མཉམ་དུ་མདུན་སྐྱོད་བྱེད་ཅེས་པའི་བོད་ལྗོངས་ཕུགས་རེའི་འདུ་འགོད་ཀྱིས་ཧོ་ནན་གྱི་འབྲུབ་འགོག་གེགས་སེལ་ལ་རོགས་སྐྱོར་བྱེད་པའི་ཛ་དྲག་བྱ་སྤྱོད་ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད། མཛད་སྒོ་མཇུག་འགྲིལ་རྗེས་རིན་ཐང་སྒོར་ཁྲི་50ཙམ་རི་བའི་ཞལ་འདེབས་དངོས་ཟོག་ཁག་དང་པོ་ཧོ་ནན་ལ་གཏོང་འགོ་ཚུགས་ཤིང་། དེའི་ནང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བོད་ལྗོངས་རྡོ་སྣུམ་ཡན་ལག་ཀུང་སིས་ཞལ་འདེབས་ཕུལ་བའི“སྒྲོལ་མ་ཆུ་མིག་གི་ཆུ”སྒམ་6000དངུལ་ལ་ཕབ་ན་རིན་ཐང་མི་དམངས་ཤོག་སྒོར་ཁྲི་40ཟིན་པ་དང་། བོད་ལྗོངས་ཀྲུང་གོ་མ་འཇོག(ཁེ་ལས)ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ཞལ་འདེབས་ཕུལ་བའི་གཏེར་ཆུ་སྒམ་1000དངུལ་ལ་ཕབ་ན་རིན་ཐང་མི་དམངས་ཤོག་སྒོར་ཁྲི་6ཟིན་པ། ལྷ་ས་གྲོང་ཁྱེར་རུམ་འཐག་བཟོ་གྲྭས་ཞལ་འདེབས་ཕུལ་བའི་དངུལ་སྒོར་ཁྲི་3བཅས་ཚུད་ཡོད། དངོས་ཟོག་དེ་དག་ཧོ་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་དོན་དངོས་ལ་གཞིགས་ནས་གཅིག་འགྱུར་ངང་བགོ་བཤའ་བརྒྱབ་ནས་བེད་སྤྱོད་བྱ་རྒྱུ་རེད། 

          ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཔའ་ཐར་གྱིས་གཅེས་སེམས་ཁེ་ལས་ཀྱིས་དངུལ་དང་དངོས་ཟོག་ཞལ་འདེབས་འབུལ་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ཕྲག་ཏུ་འཁུར་བའི་དྲང་བདེན་གྱི་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་བརྩེ་སེམས་ཉ་ཆུ་བཞིན་དུ་ཟབ་མོ་ཡོད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཧོ་ནན་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 

          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་འབྲུབ་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་ནང་གོ་རིམ་ལྡན་པའི་ངང་ཞུགས་དགོས་པའི་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས“བོད་དང་ཧོ་ནན་དཀའ་ངལ་མཉམ་སེལ་གྱིས་དྲག་ཆར་རླུང་འཚུབ་ཁྲོད་མཉམ་དུ་མདུན་སྐྱོད་བྱེད་ཅེས་པའི་བོད་ལྗོངས་ཕུགས་རེའི་འདུ་འགོད་ཀྱིས་ཧོ་ནན་གྱི་འབྲུབ་འགོག་གེགས་སེལ་ལ་རོགས་སྐྱོར་བྱེད་པའི་ཛ་དྲག་བྱ་སྤྱོད”སྤེལ་འགོ་ཚུགས་པ་དང་། ཧོ་ནན་ལ་ཞལ་འདེབས་འབུལ་བའི་ཐབས་ལམ་ཤར་གཏོང་བྱས་ནས། ཧོ་ནན་གྱི་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་བོད་ལྗོངས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། 

          ཞལ་འདེབས་དང་ལེན་བྱེད་མཁན་ཚན་པ་དང་འབྲེལ་གཏུག་བྱེད་སྟངས། 
          ཚན་པ། བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། 
          ས་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་སྒོ་རྟགས་ཨང་16པ། 
          ཞལ་འདེབས་རྩིས་ཐོའི་ཨང་རྟགས། 138801347341
          རྩིས་ཐོའི་མིང་། བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། 
          རྩིས་ཐོ་འཛུགས་སའི་དངུལ་ཁང་། ཀྲུང་གོ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ལས་གཉེར་པུའུ། 
          འབྲེལ་གཏུག་བྱ་ཡུལ། 
          མཁའ་འགྲོ་པད་མ། 13618912930 
          ཁྲེན་ཅུན། 18108910010
རྩོམ་སྒྲིག་པ། བདེ་སྒྲོལ།