ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བརྡ་ཐོ་གལ་ཆེན་ཞིག

སྤེལ་དུས 2021-07-30 ཡོང་ཁུངས། བོད་ལྗོངས་ཉེན་རེའི་ཚགས་པར། རྩོམ་པ་པོ།
ཏོག་གསར་གློ་ཚད་རིམས་ནད་སྐོར་གྱི་བརྡ་ཐོ།
          ཉེ་དུས་རྒྱལ་ནང་གི་ས་ཆ་མང་པོར་ཏོག་གསར་རིམས་ནད་ཀྱི་ནད་དཔེ་ཐར་ཐོར་དུ་ཐོན་ཞིང་། ཟླ་7ཚེས་28ཉིན་བར། རྒྱལ་ནང་དུ་རིམས་ནད་ཚབས་ཆེ་བའི་ཁུལ་5དང་། ཚབས་འབྲིང་བའི་ཁུལ་41 ཉེན་ཁ་ཚབས་ཆེ་ཆུང་གི་རིམ་པ་ཁྱབ་བསྒྲགས་བྱས་མེད་རུང་ས་གནས་དེ་གར་ཐོན་པའི་ནད་དཔེའི་གྲས་སུ་ད་དུང་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་གྲོང་ཁྱེར་དང་ལུའུ་ཀྲོའུ་གྲོང་ཁྱེར་དང་། ལེའོ་ཉིང་ཞིང་ཆེན་གྱི་ཏ་ལེན་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་གྱི་ཀྲུང་ཧྲན་གྲོང་ཁྱེར་དང་ཀྲུའུ་ཧའེ་གྲོང་ཁྱེར་སོགས་ཡོད་པས། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཀྱི་དུས་བབ་ཧ་ཅང་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་འཚོག་ཉེར་ཡོད་པས། མཛད་སྒོ་གལ་ཆེན་གྱི་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་། མཛད་སྒོ་གལ་ཆེན་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་སྔར་བས་དོན་འཁྱོལ་ཞིབ་ཚགས། “རིམས་ནད་ཕྱི་ནས་མི་འགོ་བ་བྱེད་པའི”འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱ་ཆེད། 2021ལོའི་ཟླ་7ཚེས་28ཉིན། རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་ཛ་དྲག་བརྡ་ཐོ》(གཤམ་ལ་བརྡ་ཐོ་ཞེས་བསྡུ་རྒྱུ)བཀྲམ་པ་རེད།
          《བརྡ་ཐོའི》ནང་བསྟན་དོན། རྫོང(ཆུས)དང་དཔལ་འབྱོར་བྱེད་ནུས་ཁུལ་ཁག་གིས་རིམས་ནད་འཕྲལ་སྡོམ་གྱི་བཀོད་འདོམས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འགན་འཁྲི་ཁག་བགོས་ཁ་གསལ་བཟོ་དགོས། རྫོང(ཆུས)དང་དཔལ་འབྱོར་བྱེད་ནུས་ཁུལ་ཁག་གི་ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་གཅིག་སྡུད་ལས་སྒྲུབ་དང་ཆུ་ཚོད་24ཡི་རིང་སྡོད་བྱ་ཡོད་པ་མཐའ་འཁྱོངས་བྱས་ཏེ། མངའ་ཁོངས་ནང་ཡོང་མཁན་དང་རྒྱལ་ནང་གི་རིམས་ནད་ཚབས་ཆེ་འབྲིང་ཁུལ་ནས་ཡོང་མཁན་ལ་གྲལ་བཤེར་དང་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ཀྱི་དུས་བབ་ལ་ཞིབ་འཇུག་བརྡར་ཤ་བཅད་དེ་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས།
          《བརྡ་ཐོའི》ནང་ནན་བཤད་བྱས་དོན། རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཏེ། ཉིན་14ཡི་ནང་ཚུན་དུ་རྒྱལ་ནང་གི་རིམས་ནད་ཚབས་ཆེ་འབྲིང་ཁུལ་དུ་སྡོད་མྱོང་མཁན་ལ་གྲལ་བཤེར་ཐོ་འགོད་ཡག་པོ་བྱས་ནས། དུས་ཐོག་ཏུ་ས་གནས་དེ་གའི་སྡེ་ཁུལ་ལ་ཐོ་འགོད་སྙན་སེང་ཞུས་ཏེ། ཉིང་སྐྱུར་བརྟག་དཔྱད་དང་ལོགས་འཇོག་སོགས་བྱེད་ཐབས་སྤྱོད་དགོས། མང་ཚོགས་ལ་རང་སོ་སོའི་བདེ་ཐང་ཨང་དང་པོར་འཛིན་རྒྱུའི་ཁྲིད་སྟོན་བྱས་ཏེ། མི་སྒེར་གྱི་འགོག་སྲུང་ཡག་པོ་དང་ཚན་རིག་དང་མཐུན་པའི་ངང་ཁ་རས་བརྒྱབ་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་གློག་སྐས་སོགས་རླུང་འགྲོ་ཡག་པོ་མེད་སར་ཡིན་གཅིག་ཁ་རས་རྒྱག་དགོས།
          《བརྡ་ཐོའི》ནང་བསྟན་དོན། རྒྱལ་ནང་དུ་ས་གནས་དེ་གའི་གཏན་འཁེལ་ནད་དཔེ་ཐོན་རྗེས། རིམས་ནད་ཐོན་ཁུལ་ཉེན་ཁ་ཚབས་ཆེ་འབྲིང་གི་ས་ཁུལ་ཡིན་པ་གཏན་འཁེལ་མ་བྱས་གོང་། ཉེན་ཁ་ཚབས་འབྲིང་བའི་རིམ་པ་གཞིར་བཟུང་དོ་དམ་བྱེད་དགོས་པ་དང་། གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་ཀྱི་ཞིབ་བཤེར་ས་ཚིགས་ཀྱིས་རིམས་ནད་ཐོན་སའི་གྲོང་ཁྱེར(ཀྲོའུ)ནས་ཡོང་མཁན་ལ“བོད་བདེ་བགྲོད”ཅེས་པའི་རྩ་གཉིས་ཨང་རྟགས་བཤེར་དུ་འཇུག་པ་དང་དེ་བཞིན་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་སྲིབས་གཤིས་ཡིན་མིན་བརྟག་དཔྱད་བྱེད་དགོས་པ་དང་། ཉིན་3ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་འབྲས་བུ་སྲིབས་གཤིས་ཡིན་པའམ་ཡང་ན་ཉིན་3ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་འབྲས་བུ་སྲིབས་གཤིས་ཡིན་པའི་བདེ་ཐང་གི་ར་སྤྲོད་ཡོད་པ་དང་ཚ་བ་རྒྱས་མེད་མཁན་གྱིས་ཁས་ལེན་ཡི་གེར་མིང་རྟགས་བཀོད་རྗེས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་རྒྱུན་གཏན་གྱི་འགྲོ་འོང་བྱེད་ཆོག
          《བརྡ་ཐོའི》ནང་ནན་བཤད་བྱས་དོན། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིས་ཐོག་མའི་སྨན་བཅོས་ཀྱི་འགན་འཁྲི་འཁུར་བ་དང་སྔོན་ཚུད་ནས་བརྟག་དཔྱད་དང་ལོགས་འཇོག་སྨན་བཅོས་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ནད་པ་ཚང་མར་ནད་ཡམས་རིག་པའི་ནད་བརྟག་སྨན་བཅོས་ཡག་པོ་བྱེད་དགོས་པ་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ནད་པ་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་མ་དོན་གོང་ཚང་མ་སྨན་ཁང་དུ་ཉར་ནས་ལྟ་ཞིབ་བྱེད་དགོས།
          《བརྡ་ཐོའི》ནང་ནན་བཤད་བྱས་དོན། “གཏོགས་ཁོངས་གཙོ་བོར་བྱེད་པ་དང་། ཁུལ་ལེབ་ཟུང་འབྲེལ”གྱི་རྩ་དོན་གཞིར་བཟུང་། རིམས་འགོག་སྨན་ཁབ་རྒྱག་པའི་གཏོགས་ཁོངས་ཀྱི་འགན་འཁྲི་དང་ལས་རིགས་ཀྱི་གཙོ་འགན་འགན་འཁྲི་ནན་དུ་བཏང་སྟེ། རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་འགག་རྩའི་བྱེད་ཐབས་ལ་བརྩིས་ནས། ལོ་18ཡན་གྱི་དམིགས་བསལ་གྱི་ནད་གཞི་གཞན་དག་མེད་པའི་རིམས་འགོག་སྨན་ཁབ་རྒྱག་དགོས་རིགས་ཚང་མར་སྨན་ཁབ་རྒྱག་དགོས།
རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།
2021ལོའི་ཟླ་7ཚེས་28ཉིན། 
རྩོམ་སྒྲིག་པ། བདེ་སྒྲོལ།