ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“ལྷ་མོའི་གྱོད་གཞི”དེར་སྲོག་ཁྲིམས་གཅོད་རྒྱུ་ཁྱབ་བསྒྲགས་བྱས།

སྤེལ་དུས 2021-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
      2021ལོའི་ཟླ10པའི་ཚེས14ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཐང་ལུའུ་ཡིས་བསམ་བཞིན་དུ་མི་བསད་པའི་གྱོད་གཞིར་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་འབྲེལ་ཁྲིམས་ར་དེ་གར་དཔྱད་མཚམས་ཁྱབ་བསྒྲགས་བྱས། ཞུ་སྦྱོར་ཕྱི་མ་ཐང་ལུའུ་ཡིས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་བསགས་པ་གཏན་ཁེལ་བྱས་ནས་སྲོག་ཁྲིམས་བཅད་པ་དང་།  མི་ཚེ་ཧྲིལ་བོའི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་དང་། བྱས་ཉེས་བསགས་པའི་རྐྱེན་གྱིས་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མར་དངོས་པོའི་གྱོང་གུན་ཐེབས་པར་སྐྱིན་ཚབ་འཇལ་དགོས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་རར་མི་མངགས་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཐང་ལུའུ་དང་དེའི་དག་འབུད་བྱེད་མཁན་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མ་དང་དེའི་གཏུག་བཤེར་ངོ་ཚབ་ཁྲིམས་རར་སླེབས་ནས་གཏུག་བཤེར་ནང་ཞུགས་པ་རེད།

      ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཐང་ལུའུ་དང་གནོད་འཚེ་ཕོག་མཁན་ལྷ་མོ་འཚོ(འཁྱུག་དབྱངས་ཀྱི་མིང་ལ་བུ་མོ་ནག་པོ【ལྷ་མོ】ཞེས་ཟེར)གཉིས་ཀྱིས2009ལོར་གཉེན་སྒྲིག་ཐོ་འགོད་བྱས་པ་དང་། གཉེན་སྒྲིག་བྱས་རྗེས་ཁོང་གཉིས་རྒྱུན་དུ་ཁྱིམ་ཚང་གི་བྱ་བ་ཙག་ཙིག་གི་རྐྱེན་པས་ཁ་རྩོད་ཤོར་ནས་ཐང་ལུའུ་ཡིས་ལྷ་མོ་འཚོ་ལ་ཉེས་རྡུང་ཐེངས་མང་བཏང་བས2020ལོའི་ཟླ6པའི་ཚེས28ཉིན་གཉེན་འཐོར་བྱས། རྗེས་སུ་ཐང་ལུའུ་ཡིས་ལྷ་མོ་འཚོ་ཐེངས་མང་བཙལ་ནས་བཟའ་ཚང་བསྐྱར་སྒྲིག་བྱ་རྒྱུ་བཤད་ཀྱང་དང་ལེན་མ་བྱས་པའི་ཐང་ལུའུ་ལྷ་མོའི་སྟེང་ལ་འཁོན་སེམས་སྐྱེས། 2020ལོའི་ཟླ9པའི་ཚེས14ཉིན་གྱི་ཆུ་ཚོད20དང་སྐར་མ30ཡི་ཐོག་ཐང་ལུའུ་ལྷ་མོ་འཚོ་ཡི་ཨ་ཕའི་ཁྱིམ་དུ་བསྐྱོད་དེ་ཐབ་ཚང་དུ་དྲ་ཐོག་ཐད་གཏོང་བྱེད་བཞིན་པའི་ལྷ་མོ་འཚོའི་ལུས་སྟེང་དུ་རླངས་སྣུམ་གཤོ་བ་དང་འབྲེལ་མེ་ལ་སྒྲོན་ནས་ལྷ་མོ་འཚོར་འཚིག་རྨས་བྱུང་དུ་བཅུག ལྷ་མོ་འཚོ་ཟླ་ཕྱེད་ཀྱི་རྗེས་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། ཐང་ལུའུ་ཡུལ་དངོས་ནས་བྲོས་རྗེས་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་བ་རེད།

      ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད།  ཞུ་སྦྱོར་ཕྱི་མ་ཐང་ལུའུ་ཡིས་ལྷ་མོ་འཚོ་རྐྱེན་ལམ་ལ་ཤོར་དུ་བཅུག་པའི་བྱ་སྤྱོད་དེ་བསམ་བཞིན་དུ་མི་བསད་པའི་བྱས་ཉེས་སུ་གྲུབ་པར་མ་ཟད། ཉེས་བསགས་བྱ་ཐབས་ཧ་ཅང་གདུག་རྩུབ་ཆེ་བ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཧ་ཅང་ངན་པ། བསགས་པའི་ཉེས་པ་ཧ་ཅང་ཚབས་ཆེན་ཡིན་པས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་གོང་གསལ་གྱི་དཔྱད་མཚམས་བཏང་བ་རེད།
      གྱོད་དོན་ཚབས་ཆེ་ལ་རྙོག་དྲ་ཆེ་བས་ཁྲིམས་ཁང་གིས་ཁྲིམས་ལྟར་མི་བདུན་ལས་གྲུབ་པའི་མཉམ་གྲོས་ཁྲིམས་ར་བཙུགས་ནས་གྱོད་དོན་དེར་ཞིབ་གཅོད་བྱས། ཁྲིམས་རར་འདྲི་གཅོད་བྱེད་པའི་རིང་ལ་གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་བདེན་དཔང་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་ཐང་ལུའུ་དང་དེའི་དག་འབུད་མཁན་ཕན་ཚུན་ངོ་འཕྲད་དེ་ར་སྤྲོད་བྱས་ཡོད་ཅིང་། དག་འབུད་ཚོད་འཛིན་བྱེད་མཁན་ཕྱོགས་གཉིས་དང་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མ་དང་དེའི་གཏུག་བཤེར་ངོ་ཚབ་པས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་ཡོད་ལ། ཞུ་སྦྱོར་ཕྱི་མ་ཐང་ལུའུ་ཡིས་ཀྱང་མཐའ་མའི་ཞིབ་གླེང་བྱས་ཡོད། ཞུ་སྦྱོར་ཕྱི་མ་དང་དེའི་དག་འབུད་བྱེད་མཁན། ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་སྦྱོར་སྔ་མ་དང་དེའི་གཏུག་བཤེར་ངོ་ཚབ་བཅས་ཀྱི་གཏུག་བཤེར་ཁེ་དབང་ཁག་ལ་འགན་སྲུང་གང་ལེགས་བྱས་ཡོད།

      ཞུ་སྦྱོར་ཕྱི་མའི་གཉེན་ཉེ་དང་། གནོད་འཚེ་ཕོག་མཁན་གྱི་གཉེན་ཉེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། ཆེད་མཁས་པ་དང་མཁས་དབང་། སྨྱན་སྦྱོར་གསར་འགོད་པ་བཅས་དང་དེ་བཞིན་དུ་མང་ཚོགས་ཁག་ཅིག་གིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།