ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཆབ་མདོར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འཕྲལ་སྡོམ་འཁྲབ་སྦྱོང་བྱས།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  བཅའ་སྡོད་ས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཏན་ཏིག་སྒྲུབ་པ་དང་ནགས་ཁུལ་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་པ། ནགས་ཚལ་གྱི་མེ་སྐྱོན་ཐག་གཅོད་བྱེད་པའི་འཕྲལ་སྡོམ་གྱི་ནུས་པ་ཆེ་རུ་གཏོང་བ། མང་ཚོགས་ཤི་རྨས་ཀྱི་ནགས་ཚལ་མེ་སྐྱོན་ཐོན་རྒྱུ་བཀག་འགོག་ནུས་ལྡན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་གང་ཐུབ་བྱ་ཆེད། ཟླ10པའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནགས་ཚལ་ཅུས་དང་རོང་སྨད་གྲོང་རྡལ་སྲིད་གཞུང་། མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་བཅས་ཀྱིས་མཉམ་འབྲེལ་ཐོག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འཕྲལ་སྡོམ་འཁྲབ་སྦྱོང་བྱས་པ་རེད། 

འཁྲབ་སྦྱོང་མ་བྱས་གོང་སྐུལ་སློང་བྱེད་བཞིན་པ། 
          ད་རེས་ཀྱི་འཁྲབ་སྦྱོང་ནང་རོང་སྨད་གྲོང་རྡལ་ཁ་རྐྱང་གྲོང་ཚོའི་ཟ་ལས་རྟེན་གཞིར་མང་ཚོགས་ཀྱིས་སྒྲིག་འགལ་ངང་ཕྱི་རོལ་ནས་མེ་བཏང་སྟེ་ནགས་ཚལ་མེ་སྐྱོན་གྱི་དོན་རྐྱེན་ཐོན་པར་དཔེ་འཇོག་བྱས། འཁྲབ་སྦྱོང་མ་བྱས་གོང་སྨར་ཁམས་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་རྣམ་རྒྱལ་གྱིས་མིག་སྔའི་ནགས་ཚལ་མེ་ཟོན་གྱི་དུས་བབ་དང་གལ་ཆེའི་རང་བཞིན་ཐད་གསལ་བཤད་བྱས་ཏེ། མི་སྣ་ཡོངས་ཀྱིས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་བྱས་ནས་དམག་གྲབས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་འཕྲལ་སྡོམ་གྲབས་གསོག་ཡག་པོ་བྱེད་པ། དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནགས་ཚལ་མེ་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཏན་ཏིག་བསྒྲུབས་ནས་དཔུང་སྡེ་ཡིས“འདྲེན་ཐུབ་པ་དང་སྤྱོད་ཐུབ་པ། རྒྱལ་ཁ་ལོན་པ”བཅས་ཀྱི་འགན་ལེན་བྱེད་དགོས་པར་དྲན་སྐུལ་བྱས་པ་རེད། 

མེ་ཁུངས་གཙང་བཤེར་བྱེད་བཞིན།
          མེ་སྐྱོན་གྱི་ཉེན་བརྡ་འབྱོར་རྗེས་ཚོགས་ཆུང་ཁག་གི་མི་སྣས་འཕྲལ་སྡོམ་སྔོན་ཇུས་ལྟར་མགྱོགས་མྱུར་ངང་མེ་གསོད་ཡོ་བྱད་སྤྲོད་པ་དང་འཕྲལ་མར་ཡུལ་དངོས་སུ་འབྱོར་གྱི་ཡོད་ལ། འཁྲབ་སྦྱོང་ཁྲོད་དུ་རུ་མི་ཚོས་ཆུ་འཐེན་འཕྲུལ་འཁོར་མདུན་དུ་བསྐྱོད་པ་དང་རླུང་ཤུགས་མེ་གསོད་འཕྲུལ་ཆས་དང་ལག་ཆ་ཨང་གཉིས་པ། ཆུ་མདའ་བཅས་རྒྱབ་ལོགས་སུ་གཙང་སེལ་བྱེད་པའི་བྱ་ཐབས་སྤྱད་དེ་ཆུ་འཐེན་འཕྲུལ་འཁོར་དང་། མདོང་ལམ་འདིང་བ། རྟོག་བཟོའི་དམིགས་འབེན་མགྱོགས་མྱུར་ཚར་གཅོད་བཏང་བ་དང་། འཁྲབ་སྦྱོང་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལས་དོན་ཚོགས་ཆུང་ཁག་གིས་རང་འགན་རང་འཁུར་དང་དྲན་ཚོར་མྱུར་ལ། གཞོགས་འདེགས་བཅས་བྱས་ནས་ལས་རིམ་ཁག་ཛ་དྲག་དང་གོ་རིམ་ལྡན་པ་ཞིག་ཡིན་ཏེ། དུས་ཡུན་སྐར་མ20ཙམ་རིང་འབད་འཐབ་བྱས་པ་བརྒྱུད། མེ་སྐྱོན་རྩ་བ་ནས་གསོད་ཐུབ་པར་གྱུར་ཅིང་མི་སྣ་ལ་རྨས་སྐྱོན་ཕོག་མེད་པ་དང་འཁྲབ་སྦྱོང་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད། 

མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི་བཀོད་འཐབ་པ་ཚོས་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་འགྲེལ་བཤད་བྱེད་བཞིན་པ།
          འཁྲབ་སྦྱོང་མཇུག་བསྒྲིལ་རྗེས། མཛོ་སྒང་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་གི་བཀོད་འཐབ་པ་རྣམས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་དོན་དངོས་ཀྱི་བཀོལ་སྤྱོད་ཟུང་སྦྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་རོང་སྨད་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་ལྔའི་ནགས་སྲུང་བ300ལྷག་ཙམ་ལ་རྩལ་ནུས་གསོ་སྦྱོང་བྱས་ཤིང་། རྒྱུན་སྤྱོད་མེ་གསོད་འཕྲུལ་ཆས་དང་མེ་གསོད་ཡོ་བྱད། ཆུ་འཐེན་འཕྲུལ་འཁོར། ཆུ་གསོག་སྣོད་ཆས་སོགས་སྒྲིག་ཆས་བཀོལ་སྤྱོད་དང་བེད་སྤྱོད་བྱེད་སྟངས་གཙོར་བཟུང་ནས་སློབ་ཁྲིད་བྱས་སྟེ། ནགས་སྲུང་བ་རེ་རེས་གཞི་རྩའི་སྟེང་ནགས་ཚལ་མེ་ཟོན་འཕྲུལ་ཆས་བེད་སྤྱོད་བྱེད་སྟངས་ཁོང་དུ་ཆུད་པ་དང་འབྲེལ་ནགས་སྲུང་བར་ནགས་ཚལ་མེ་སྐྱོན་འགོག་ཟོན་བྱ་ཐབས་བརྒྱུད་སྤྲོད་བྱས་ཤིང་། ནགས་ཚལ་མེ་གསོད་པའི་གཞི་རྩའི་བྱ་ཐབས་དང་དེ་བཞིན་ཛ་དྲག་ཉེན་སེལ་དང་རང་སྐྱོབ་སོགས་ཐད་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་ནས་བཅའ་སྡོད་ས་ཁུལ་གྱི་ནགས་ཚལ་དཔུང་ཁག་གི་མེ་གསོད་དམག་འཐབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།