ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སར་གནའ་བོའི་རྗེས་ཤུལ་གྱི་ལོ་རྒྱུས་ས་རྟཊ་ཤིག་གསར་སྣོན་བྱས་འདུག

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             2022ལོའི་ལོ་གསར་པའི་ནང་ལྷ་ས་གྲོང་ཁྱེར་ཆུ་བཟང་གྲོང་ཚོར་གཏམ་བཟང་ཞིག་འབྱོར་ཡོད་དེ། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཆུ་བཟང་གྲོང་ཚོར“གནའ་མིའི་རྐང་ལག་གི་རྗེས་ཤུལ”ཞིག་རྙེད་པ་དེ2021ལོའི“འཛམ་གླིང་གི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི”ནང་བདེ་བླག་ངང་བདམས་ཐོན་བྱུང་ཞིང་། དེ་ཡང་ད་ལྟའི་བར་འཛམ་གླིང་ཐོག་གསར་རྙེད་བྱུང་བའི་གནའ་མིའི་སྒྱུ་རྩལ་གྱི་རྗེས་ཤུལ་སྔ་ཤོས་ཤིག་ཡིན་པས། གནའ་མིས་དུས་ཡུན་རིང་པོའམ་ཡང་ན་དུས་ཚིགས་རང་བཞིན་གྱི་ས་མཐོ་བཟུང་བའི་དུས་ཚོད་སྔ་ཤོས་ཀྱི་དཔང་རྟགས་མཁོ་འདོན་བྱས་ཡོད། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་དེས་ལྷ་སར་གནའ་བོའི་རྗེས་ཤུལ་གྱི་ལོ་རྒྱུས་ས་རྟགས་གསར་པ་ཞིག་བཏོད་པ་མ་ཟད། ཡུལ་དེའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་གསར་པ་ཞིག་ཀྱང་ཐོབ་ངེས་རེད།

             མིག་སྔར“གནའ་མིའི་རྐང་ལག་གི་རྗེས་ཤུལ”ཆ5རྙེད་པ་དེ་དག་ནི་ད་ལྟའི་བར་འཛམ་གླིང་ཐོག་གསར་རྙེད་བྱུང་བའི་གནའ་མིའི་སྒྱུ་རྩལ་གྱི་རྗེས་ཤུལ་སྔ་ཤོས་དེ་ཡིན་པ་མ་ཟད། མིག་སྔར་འཛམ་གླིང་ཐོག་ཤེས་ཟིན་པའི་བྲག་ངོས་སྒྱུ་རྩལ་ཚང་མ་ལས་ཀྱང་ཆེས་སྔ་ཤོས་ཡིན།
             གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། གནའ་རྫས་རྟོག་ཞིབ་ཚོགས་པ་མ་སླེབས་གོང་ཡུལ་དེའི་མང་ཚོགས་ཀྱིས་སྔ་ས་ནས“རྐང་ལག་གི་རྗེས་ཤུལ”དེ་དག་མེས་པོས་བཞག་པའི་རྗེས་ཤུལ་དུ་བརྩིས་པ་དང་། གྲོང་ཚོའི་ནང་གི་རྒན་རྒོན་ཚོས་ཆུང་དུས་ནས་གྲོང་ཚོའི“རྐང་ལག་གི་རྗེས་ཤུལ”དེ་དག་ལ་སྲུང་སྐྱོང་བྱེད་དགོས་པ་ཤེས་ཡོད།
             ཆུ་བཟང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བདེ་སྲུང་ཀྲུའུ་རེན་ཚེ་རིང་ནོར་བུ་ཡིས། “རྐང་ལག་གི་རྗེས་ཤུལ་དེ་ང་ཚོ་ཆུང་དུས་ནས་ཡོད། རྗེས་སུ་ཆེད་མཁས་པས་ཞིབ་འཇུག་བྱས་པ་བརྒྱུད་རྐང་ལག་གི་རྗེས་ཤུལ་དེ་དག་ནི་ལོ་ངོ་ཁྲི16ནས20གོང་གི་གནའ་བོའི‘མིའི་རིགས་ཀྱི་རྐང་ལག་གི་རྗེས་ཤུལ’ཡིན་པ་ཤེས་རྟོགས་བྱུང་། དེ་ནི་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་པས་ང་ཚོས་དེ་བས་ཧུར་བརྩོན་ཆེན་པོས་གནའ་བོའི་རྗེས་ཤུལ་དེར་སྲུང་སྐྱོང་བྱ་དགོས”ཞེས་བཤད།
             ཆུ་བཟང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཡིན་པའི་ལི་ཅ་ཧུའེ་ཡིས། “ཀོང་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཏེན་ཚོགས་པས་ང་ཚོའི་གྲོང་ཚོ་ནས་ལོ་ངོ་ཁྲི16ནས20བར་གྱི་གནའ་བོའི་མིའི་རིགས་ཀྱི‘རྐང་ལག་གི་རྗེས་ཤུལ’ཞིག་གསར་རྙེད་བྱུང་ཞིང་། ང་ཚོའི་གྲོང་ཚོ་ཧྲིལ་པོའི་ལོ་རྒྱུས་སྔོག་འདོན་དང་ལྷག་པར་དུ་ང་ཚོའི་གྲོང་ཚོའི་ཡུལ་སྐོར་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཚད་བརྒལ་ཆེན་པོ་བྱུང་ཡོད། ད་ཆ་ང་ཚོའི་གྲོང་ཚོས་རྗེས་ཤུལ་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ང་ཚོས“རྐང་ལག་གི་རྗེས་ཤུལ”རེ་རེ་བཞིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཆུ་བཟང་གྲོང་ཚོའི་ཡུལ་སྐོར་ཐོན་ལས་ལ་སྐུལ་ཁྲིད་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།
             མ་འོངས་པར་ལོ་ངོ་ཁྲི20ཡི་གོང་གི་གནའ་བོའི་མིའི་རིགས་ཀྱིས་བཞག་པའི་རྐང་ལག་གི་རྗེས་ཤུལ་དེས་སྣོད་བཅུད་དཔལ་ཡོན་འགན་ལེན་དང་ལོ་རྒྱུས་ཀྱི་ཞིབ་འཇུག་རིན་ཐང་མཁོ་འདོན་བྱ་བ་དང་ཆབས་ཅིག དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཅི་ཙམ་གཏོད་ཐུབ་མིན་ཐད་ཡུལ་དེའི་མང་ཚོགས་ཀྱིས་གཙོ་བྱས་པའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་མཚར་སྣང་དང་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།