ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཆབ་མདོའི་སྨན་དོན་མི་སྣ་150ལྷ་སར་རོགས་སྐྱོར་བྱེད་པར་ཐོན་པ།

སྤེལ་དུས 2022-09-08 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
  ཟླ་9ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། སྨན་དོན་མི་སྣ་150ལས་གྲུབ་པའི་རིམས་འགོག་སྨན་བཅོས་རུ་ཁག་གིས་སྒོར་ཁྲི་138རི་བའི་འཚོ་བའི་དངོས་ཟོག་དང་སྒོར་ཁྲི་63རི་བའི་སྨན་བཅོས་དངོས་ཟོག་ཁྱེར་ནས་ལྷ་སར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ་རེད། 

  དེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་སྐབས་སུ་མངགས་པའི་སྤུན་ཟླའི་གྲོང་ཁྱེར་དང་ས་ཁུལ་ལ་རོགས་སྐྱོར་བྱེད་པར་སྐྱོད་པའི་སྨན་བཅོས་རོགས་སྐྱོར་དཔུང་ཁག་གཉིས་པ་དེ་རེད། 

  ཤེས་རྟོགས་བྱུང་བར་གཞིགས་ན། ནུས་ཤུགས་ཡོད་རྒུས་ལྷ་སའི་རིམས་འགོག་ལ་རྒྱབ་སྐྱོར་བྱ་ཆེད། ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག རྫོང(ཆུས)11གི་འབྲེལ་ཡོད་ཚན་པས་བཀའ་རྒྱ་ཐོས་འཕྲལ་བྱ་སྤྱོད་སྤེལ་ནས་རུ་མི་འདེམས་སྒྲུག་དང་། གཟུགས་པོར་བརྟག་དཔྱད། དངོས་ཟོག་གྲ་སྒྲིག འགྲིམ་འགྲུལ་བཀོད་སྒྲིག་སོགས་ཀྱི་ལས་དོན་མགྱོགས་མྱུར་ལེགས་སྒྲུབ་བྱས་པ་དང་། འཕྲལ་མར་ཕུལ་བྱུང་སྨན་དོན་མི་སྣ་150བསྐོངས་ནས་ལྷ་སར་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རོགས་ཀྱི་ཆབ་མདོའི་སྨན་བཅོས་རུ་ཁག་བཙུགས་ཏེ། ལྷ་སས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་པ་རེད། སྨན་བཅོས་རུ་ཁག་གི་རུ་མི་རྣམས་རྫོང(ཆུས)11གི་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། འཕྲོད་བསྟེན་ཁང་བཅས་ཀྱི་སྨན་དོན་མི་སྣ་ལས་གྲུབ་ཅིང་། དེའི་ནང་གསོ་རིག་བརྙན་པར་རིག་པ་དང་། ནད་ཐོག་གསོ་རིག ནད་སྐྱོང་རིག་པ། བོད་ལུགས་གསོ་རིག་སོགས་ཀྱི་ཆེད་ལས་ཚན་ཁག་ཚུད་ཡོད་པ་རེད། 

  སྨན་བཅོས་རུ་ཁག་གི་རུ་མི་ཚོས། འགན་འཁྲི་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་དུས་དང་རྣམ་པ་ཀུན་ཏུ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་བློ་ལ་བརྟན་པོར་ངེས་ནས་རང་ནུས་གང་ཡོད་ཀྱིས་རང་ངོས་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག རོགས་སྐྱོར་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།