ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རླངས་འཁོར་གྱིས་རྦབ་རྡོ་བཀག་སྟེ་མི7གྱི་ཚེ་སྲོག་བསྐྱབས།

སྤེལ་དུས 2022-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཟླ་9པའི་ཚེས་5ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་ཅིང་། རི་གཟར་རྦབ་རྡོ་གྲིལ་ཏེ་ཉེན་ཁར་ཐུག་པའི་འགག་རྩའི་དུས་སུ། ཁ་ལོ་བ་ཞིག་གིས་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་ས་རྡོ་ཉིལ་བཞིན་པའི་རི་གཤམ་དུ་བཏང་ནས། རླངས་འཁོར་གྱི་འཁོར་སྒྲོམ་གྱིས་རྦབ་རྡོ་བཀག་སྟེ་ཨར་ལས་བྱེད་མཁན་7གྱི་སྲོག་བསྐྱབས་པ་རེད།
  ཉིན་དེའི་ཉིན་གུང་། ཨར་འདམ་སྐྱེལ་འདྲེན་རླངས་འཁོར་གཏོང་བཞིན་པའི་དབྱང་ཀོང་དབྱིན་ལ་གློ་བུར་དུ་རླངས་འཁོར་ཡམ་ཡོམ་དུ་འགུལ་བའི་ཚོར་སྣང་བྱུང་བ་དང་། ཁོང་གིས་མགོ་བོ་ཡར་བཀྱགས་ཏེ་བལྟ་སྐབས། ལམ་ཟུར་གྱི་རི་གཟར་ངོས་ནས་རྦབ་རྡོ་འགྲིལ་བཞིན་པ་མཐོང་མ་ཐག་ས་ཡོམ་བརྒྱབ་པ་ཤེས་ཡོད། ཁོང་གིས་མགྱོགས་མྱུར་ངང་ས་གནས་དེ་ནས་ཁ་བྲལ་རྩིས་བྱེད་སྐབས། རྦབ་རྡོ་འགྲིལ་ཡོང་སའི་ལམ་སྟེགས་ཀྱི་འགྲམ་དུ་ད་དུང་ཨར་ལས་བྱེད་མཁན་སྐོར་ཞིག་གིས་ཨར་ལས་བྱེད་བཞིན་པ་མཐོང་བས། དེ་མ་ཐག་རླངས་འཁོར་དེ་གར་བཏང་ནས་སོང་ཡོད། ཁོང་གིས། སྐབས་དེར་ས་ཡོམ་བརྒྱབ་པ་ཧ་ཅང་གློ་བུར་བ་ཡིན་པས། རི་ངོས་ཀྱི་ས་འདམ་འགུལ་ཙམ་བྱེད་པ་ཚོར་ནས་སྐར་ཆ་ཁ་ཤས་ལས་མ་སོང་བར་རྦབ་རྡོ་ཐུར་དུ་འགྲིལ་ནས་ཡོང་བཞིན་ཡོད་པས། བསམ་དབང་དྲན་དབང་མེད་པར་རླངས་འཁོར་མི་ཡོད་སའི་ཕྱོགས་སུ་གཏོང་ཕྱིན་པ་ཡིན། ངའི་སེམས་སུ་རླངས་འཁོར་གྱི་འཁོར་སྒྲོམ་གྱིས་རྦབ་རྡོ་བཀག་ཚེ་ཁོང་ཚོར་སྲོག་ཉེན་ལས་གཡོལ་བའི་གོ་སྐབས་ཆེ་ཙམ་རགས་ངེས་སྙམ་པ་ཡིན་ཞེས་བཤད་ཡོད།

  དབྱང་ཀོང་དབྱིན་གྱིས་རླངས་འཁོར་མགྱོགས་པོ་བཏང་ནས་ཨར་ལས་བྱེད་མཁན་དག་གི་འགྲམ་དུ་ཁ་བཀག་པས། ཨར་ལས་བྱེད་མཁན་དང་ཉིལ་བཞིན་པའི་ས་རྡོའི་བར་དུ་རླངས་འཁོར་ཡོད་སྟབས། ཨར་ལས་བྱེད་མཁན་བདུན་པོར་སྲོག་ཉེན་ལས་གཡོལ་བའི་རིན་བྲལ་གྱི་དུས་ཚོད་བརྩོན་ལེན་ཐུབ་ཡོད་པ་རེད།

  ཡིན་ནའང་དབྱང་ཀོང་དབྱིན་རང་ཉིད་ཀྱི་དཔུང་པ་གཡོན་མ་དང་མགོ་བོར་རྦབ་རྡོ་ཕོག་ཡོད། སྐར་ཆ་འགའི་རྗེས་སུ་རི་གཞི་ཁྱོན་ཆེན་པོས་ཐུར་དུ་ཉིལ་བས། ཁོང་གིས་བཏང་བའི་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་དེའི་ཐོག་རྦབ་རྡོ་ཆེན་པོ་ཞིག་ཕོག་རྗེས་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་བཟོ་ལྟ་ཡོངས་སུ་འགྱུར་ཡོད་པ་རེད།  

  དེ་རྗེས། དབྱང་ཀོང་དབྱིན་སྨན་ཁང་དུ་བསྐྱལ་ཡོད། སྐབས་དེར་མི་ཚང་མས་ཁོང་ནི་ཉེན་གཡོལ་བྱེད་སྐབས་སྟེས་དབང་གིས་རྨས་སྐྱོན་ཕོག་པ་ཡིན་པར་འདོད་ཡོད། རྗེས་སུ་ལས་གྲོགས་ཀྱིས་ཁོང་གི་སྨན་ཁང་བརྗེ་བའི་འགྲོ་ལུགས་གཉེར་རོགས་བྱེད་སྐབས། ད་གཟོད་ཁོང་ནི་རླངས་འཁོར་བཏང་ནས་ལས་བཟོ་པ་7སྐྱོབ་སྐབས་རྨས་སྐྱོན་ཕོག་པ་ཡིན་པ་རྟོགས་ཡོད། དབྱང་ཀོང་དབྱིན་གྱིས། རླངས་འཁོར་ལ་ཆག་སྐྱོན་བྱུང་ཡང་བསྐྱར་དུ་ཉོ་ཆོག   འོན་ཀྱང་མིའི་ཚེ་སྲོག་ནི་རིན་ཐང་བྲལ་བ་རེད། ངས་བྱས་པ་ནི་གླེང་རིན་མེད་པའི་བྱ་བ་ཞིག་རེད། ཁ་ལོ་བ་སུ་ཞིག་ཡིན་ཡང་གནས་ཚུལ་འདི་ལྟ་བུ་འཕྲད་དུས་འགོག་ཅི་ཐུབ་བྱེད་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་ཡོད།  
དཔའ་རྒོད་ཁོང་ལ་གུས་འདུད་ཞུ། 
རྩོམ་སྒྲིག་པ། བདེ་སྒྲོན།