ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

རང་རྒྱལ་གྱིས་འཛམ་གླིང་གི་དྭངས་གཙང་གློག་འདོན་མ་ལག་ཆེ་ཤོས་བསྐྲུན།

སྤེལ་དུས 2021-09-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཧྭ་ལུང་ཨང་དང་པོ་རྟགས་ཅན་གྱི་ཉིང་རྡུལ་གློག་གི་འཕྲུལ་ཆས་ཚོང་སྤྱོད་བྱས་པ་དང་། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཆས་བེད་སྤྱད་དེ་གློག་གཏོང་འགོ་ཚུགས་པ། པེ་ཧོ་ཐན་ཆུ་ཤུགས་གློག་ཁང་གི་འཕྲུལ་ཆས་ཁག་དང་པོ་ནས་གློག་གཏོང་འགོ་ཚུགས་པ་སོགས་ད་ལོ་ནས་བཟུང་དྭངས་གཙང་ནུས་རྒྱུའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཐད་གཏམ་བཟང་ཡང་ཡང་གྲགས་ཡོད། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  སྣོད་བཅུད་ཁོར་ཡུག་པུའི་འགན་འཁུར་བས་རང་རྒྱལ་གྱིས་འཛམ་གླིང་ཐོག་གི་དྭངས་གཙང་གློག་འདོན་མ་ལག་ཆེ་ཤོས་བསྐྲུན་ཡོད་པའི་སྐོར་བརྗོད་འདུག

          ཟླ་7པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་10.5ཟིན་པ་དེ་དུས་མཚུངས་ལས་18.0%འཕར་བ་དང་། དེ་ནི་འབྲི་ཆུའི་འགག་གསུམ་གློག་ཁང་40ལྷག་ཙམ་གྱི་གློག་འདོན་ཚད་དང་འདྲ་ཡི་ཡོད་ལ། གློག་གཏོང་ཚད་དེས་རྒྱལ་ཡོངས་ཀྱི་གློག་འདོན་ཚད་ཡོངས་ཀྱི་45.5%ཟིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་གྲངས་3.3འཕར་ཡོད། རང་རྒྱལ་གྱི་དྭངས་གཙང་ཐཱན་ཉུང་ཅན་གྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་། ཆུ་གློག་དང་། རླུང་གློག འོད་གློག  ད་དུང་སྐྲུན་བཞིན་པའི་ཉིང་རྡུལ་གློག་བཅས་ཀྱི་གློག་འདོན་ཚད་མང་པོ་ཞིག་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། 

          དྭངས་གཙང་ནུས་རྒྱུའི་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་སྟེ།  གློག་འདོན་ཚད་ཀྱི་གཞི་ཁྱོན་ལ་བལྟས་ན། ཟླ་7པའི་ཟླ་མཇུག་བར། རང་རྒྱལ་གྱི་ཆུ་གློག་གི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་3.8ཟིན་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། ཉིང་རྡུལ་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི་536ཟིན་པ་དེ་དུས་མཚུངས་ལས་9.2%འཕར་བ། རླུང་གློག་གི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་2.9ཟིན་པ་དེ་དུས་མཚུངས་ལས་34.4%འཕར་བ། ཉི་གློག་གི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་2.7ཟིན་པ་དེ་དུས་མཚུངས་ལས་23.6%འཕར་བ། སྐྱེ་དངོས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི་3409ཟིན་པ་དེ་དུས་མཚུངས་ལས་31.2%འཕར་ཡོད། གློག་གི་བསྡོམས་འབོར་ལ་བལྟས་ན། ལོ་སྟོད་དུ་ཆུ་གློག་དང་། ཉིང་རྡུལ་གློག རླུང་གློག ཉི་གློག་བཅས་ལས་གློག་འདོན་ཚད་ཁྱོན་སྡོམ་དུས་མཚུངས་ལས་10.5%འཕར་ཡོད་ཅིང་། གློག་ཤུགས་མ་འཇོག་ལ་བལྟས་ན། ཟླ་1པོ་ནས་7པའི་བར་ཆུ་གློག་དང་། ཉིང་རྡུལ་གློག རླུང་གློག་སོགས་དྭངས་གཙང་ནུས་རྒྱུའི་མ་འཇོག་གིས་གློག་ཁུངས་མ་འཇོག་གི་91.7%ཟིན་ཡོད། 

          ནུས་རྒྱུ་གཙང་མའི་བེད་སྤྱོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་སྟེ། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཆུ་བོ་རྒྱུག་ཁུལ་གཙོ་བོའི་ཆུ་ནུས་སྤྱོད་ཚད་11.43%དང་། རྒྱལ་ཡོངས་ཀྱི་རླུང་གློག་སྤྱོད་ཚད་ཆ་སྙོམས་96.4% རྒྱལ་ཡོངས་ཀྱི་འོད་གློག་སྤྱོད་ཚད་ཆ་སྙོམས་97.9%བཅས་ཟིན་ནས་ཁག་སོ་སོར་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.07དང་།0.3 0.07བཅས་འཕར་ཡོད།
          སོལ་གློག་དྭངས་གཙང་ནུས་ཆེའི་ངང་སྤྱོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་སྟེ། ན་ནིང་གི་ལོ་མཇུག་བར། སོལ་གློག་གི་གློག་ འདོན་ཚད་ཐེངས་དང་པོར་50%མན་བར་ཆག་པ་དང་། བཙོག་པ་འབུད་ཚད་ཤིན་ཏུ་ཉུང་བའི་སོལ་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར་9.5ཙམ་ཟིན་ཡོད་པ་རེད། ད་ལོའི་ཟླ་1པོ་ནས་7པའི་བར། རྒྱལ་ཡོངས་ཀྱི་གློག་གཏོང་བར་སྤྱད་པའི་རྡོ་སོལ་ཟད་གྲོན་བྱེད་ཚད་སྟོང་ཝ་ཆུ་ཚོད་རེར་ཁེ་303ཡིན་པ་དེ་དུས་མཚུངས་ལས་ཆུ་ཚོད་རེར་ཁེ་1ཆག་ཡོད། 

          རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འགན་འཁུར་བས་གོམ་སྟབས་རྗེས་མར་རྡོ་སོལ་ཉུང་གཏོང་གི་གོམ་སྟབས་མགྱོགས་སུ་བཏང་ནས་སོལ་གློག་གི་རྣམ་གྲངས་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། རླུང་གློག་དང་ཉི་གློག་སོགས་འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱི་གློག་འདོན་རྒྱུ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་ནུས་ཁུངས་མཁོ་སྤྲོད་རྒྱུན་ཆད་མེད་པར་རྒྱཆེ་རུ་གཏོང་དགོས། ལོ་ལྔ་ཚན་བཅུ་བཞི་པའི་རིང་། རླུང་གློག་དང་འོད་གློག་དེ་ནུས་ཁུངས་གཙང་མ་འཕར་སྣོན་ཡོང་བའི་ནུས་ཤུགས་གཙོ་བོར་འགྱུར་དགོས་ཞེས་བརྗོད་འདུག 
རྩོམ་སྒྲིག་པ། སྣང་རྡོར།