ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

སོག་པོ་ཁྲ་ཡག་གི“ཆུ་ཐིགས།”

སྤེལ་དུས 2021-11-10 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

སོག་པོ་ཁྲ་ཡག པར་རིས་མཚོ་སྔོན་ཉིན་རེའི་ཚགས་པར་ལས་དྲངས།
          རྒྱང་ནས་བལྟས་ན། སོག་པོ་ཁྲ་ཡག་གི་རི་རྩེ་ནི་སྨུག་སྤྲིན་གྱིས་གཡོགས་ཡོད་ཅིང་། རི་ངོས་ཐམས་ཅད་སྔོ་ལྗང་ལྗང་དུ་སྣང་ལ། རི་འདབས་ཀྱི་ཆུ་ཕྲན་མང་པོ་ཡངས་ཤིང་ཆེ་བའི་རྩྭ་ཐང་དུ་ལྗོན་ཤིང་གི་ཡན་ལག་རྒྱས་པ་ནང་བཞིན་རྒྱུ་ཡོད།
          ན་ནིང་གི་ཟླ་བརྒྱད་པར། འབྲི་སྟོད་རྫོང་གི་ན་གཞོན་དང་བླངས་པའི་ཞབས་ཕྱི་རུ་ཁག་ཐོག་མ་སྟེ་སྟོད་ཚེ་ཞང་སྟག་སེང་སྡེ་བའི་སོག་པོ་ཁྲ་ཡག་ཆུ་ཁུངས་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཕྱི་རུ་ཁག་དངོས་སུ་བཙུགས་པ་ཡིན།

དང་བླངས་པའི་ཞབས་ཕྱི་རུ་ཁག པར་རིས་འབྲི་སྟོད་དྲིལ་སྒྲོག་ལས་དྲངས།
          བ་ཧུང་སྐྱབས་བློ་ནི་སྟག་སེང་སྡེ་བ་ནས་སྐྱེས་པའི་མི་ཞིག་ཡིན་ལ། ཞབས་ཕྱི་རུ་ཁག་འཛུགས་མཁན་དང་དེའི་འགན་འཁུར་པ་ཡང་ཡིན། ཁོའི་དྲན་པ་རུ། ནེ་ཆ་གཙང་བོ་ཡི་མགོ་ཁུངས་ཁ་ཤས་ཤིག་སྐམ་མྱོང་། སྲོལ་རྒྱུན་གྱི་ཕྱུགས་ལས་གཙོ་བོའི་རྫོང་ཆེན་ཞིག་ལ་མཚོན་ན། རྩྭ་ས་དང་ནོར་ལུག་ནི་འབྲི་སྟོད་རྫོང་གི་འབྲོག་དམངས་ཀྱི་འཚོ་བའི་རྟེན་ས་ཡིན། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་སྐབས་ལ། ནོར་ལུག་གི་ཁ་གྲངས་གློ་བུར་དུ་འཕར་ནས། ཕྱུགས་འཚོ་བ་ཇེ་མང་དུ་སོང་བ་ལས་རྩྭ་སའི་སྐྱེ་ཁམས་ཇེ་ཞན་དང་རྩྭ་ས་བྱེ་འགྱུར་བྱུང་ནས་ཆུ་ཁུངས་འབག་བཙོག་གི་གནད་དོན་འབུར་དུ་ཐོན་པ་རེད། དེའི་མ་ཟད། ལྐོག་རྔོན་མཁན་ཡང་དར་བ་ལས་མི་དང་རང་བྱུང་གི་འགལ་བ་ཇེ་ཆེར་བཏང་བ་རེད།
སྟག་སེང་སྡེ་བའི་སྡེ་དམངས་ཨུ་ལྷན་གྱི་འགྲེམ་སྟོན་ཁང་དུ། པར་རིས་བརྒྱ་ཕྲག་ལྷག་བཤམས་ནས་ཡོད་ལ། དེ་དག་ཏུ་རང་བྱུང་གི་མཛེས་ལྗོངས་དང་། མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། དམངས་སྲོལ་རིག་གནས་སོགས་ངོམས་ཡོད་ནའང་། མིག་ནང་དུ་ལྷུང་ཡོང་བ་ནི་སྲོག་ཆགས་ཀྱི་ཀེང་རུས་འགའ་ཡོད་པའི་པར་རིས་དེ་དག་ཡིན། “ཁྱོད་ཀྱིས་ལྟོས་དང་། པར་འདི་ནི1996ལོར་དངུལ་རྒྱལ་གངས་རི་ནས་བླངས་པའི་འབྲོང་ཞིག་གི་ཀེང་རུས་ཡིན།” ཞབས་ཕྱི་རུ་ཁག་གི་འགན་འཁུར་པ་གཞན་པ་འཇམ་དབྱངས་ཚེ་རིང་གིས་མཐོ་སྒང་ས་ཁུལ་དུ་སྲོག་ཆགས་ཀྱི་ཀེང་རུས་པར་དུ་ལེན་པ་ནི་དོན་དག་ཡ་མཚན་དགོས་པ་ཞིག་མིན། ཡིན་ནའང་། ཁ་བའི་མུ་རྒྱུད་ཀྱི་མཚམས་ཇེ་མཐོར་ཕྱིན་པ་དང་བསྟུན་ནས། ང་ཚོས་ཧ་ཅང་སྔ་བའི་དུས་ཀྱི་རྒྱ་རྙི་ཁ་ཤས་མཐོང་ཐུབ་ལ། འདི་ལས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་བྱེད་པ་ནི་སྔ་མོ་ནས་ཡོད་པ་མཚོན”ཞེས་བཤད།

དང་བླངས་པའི་ཞབས་ཕྱི་རུ་ཁག པར་རིས་འབྲི་སྟོད་དྲིལ་སྒྲོག་ལས་དྲངས།
          “2004ལོར། སྟག་སེང་སྡེ་བའི་འབྲོག་དམངས་ཀྱིས་ཆུ་ཁུངས་ས་ཆ་དང་ཕ་ཡུལ་གྱི་ཉམས་ལྡན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། རང་འགུལ་ངང་དང་བླངས་པའི་ཞབས་ཕྱི་རུ་ཁག་ཅིག་བཙུགས་པ་དང་། དེ་ནི་སོག་པོ་ཁྲ་ཡག་ཆུ་ཁུངས་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཕྱི་རུ་ཁུག་གི་སྔར་མིང་ཡིན། མགོ་ཚུགས་དུས། སྡེ་བའི་ནང་གི་ལོ་ཆུང་ཁ་ཤས་མ་གཏོགས་ཞུགས་མེད། ཡིན་ནའང་། རིམ་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཤེས་པ་ན། རུ་ཁག་ནང་ལ་ཞུགས་མཁན་ཡང་ཇེ་མང་རེད”ཅེས་བ་ཧུང་སྐྱབས་བློ་ཡིས་བཤད།
          2004ལོར། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ནི་སྔར་བཞིན་ཐོག་མའི་དུས་རིམ་དུ་གནས་ཡོད། ཡིན་ནའང་། སྟག་སེང་སྡེ་བའི་འབྲོག་དམངས་ཀྱིས་དུས་དེ་ནས་བཟུང་ཆུ་ཁུངས་ལ་ལྟ་ཞིབ་ཚད་འཇལ་དང་ཁོར་ཡུག་སྲུང་སྐྱོབ། དམངས་སྲོལ་རིག་གནས་བསྡུ་སྒྲིག་སོགས་བྱེད་མགོ་བརྩམས་ཡོད། ཞབས་ཕྱི་རུ་ཁག་ཀྱང་ཐོག་མའི་མི་བཞི་ཡོད་པའི་ཚོ་ཆུང་ཞིག་ནས་ད་ལྟའི་མི96ལྷག་ཡོད་པའི་ཚོགས་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ད་དུང་པར་ལེན་དང་ཡུལ་སྐོར། སྒྱུ་རྩལ། སྲོལ་རྒྱུན་རིག་གནས། གཞུང་སྒྲུབ་སོགས་ཚོ་ཆུང10རུ་བགོས་ཡོད་ལ། ཁོང་ཚོའི་ནང་དུ་ལོ་ལོན་དང་ན་གཞོན། བྱིས་པ། ལས་བྱེད་པ། དགེ་རྒན། སློབ་མ་སོགས་འདུས་ཡོད།

ཆུ་ཁུངས་ལྟ་ཞིབ་ཚད་འཇལ་སྐབས་བླངས་པའི་མ་དཔེ། པར་རིས་མཚོ་སྔོན་ཉིན་རེའི་ཚགས་པར་ལས་དྲངས།
          ལོ་རེའི་སྟོན་དཔྱིད་གཉིས་ཀྱི་དུས་ནི་ཆུ་ཁུངས་ལ་ལྟ་ཞིབ་ཚད་འཇལ་བྱེད་པའི་དུས་ཚིགས་ཤིག་ཡིན། དུས་སྐབས་འདི་ལ་བསླེབས་དུས། རུ་མི་ཚང་མས་ལྟ་ཞིབ་ཚད་འཇལ་ཁྱབ་ཁོངས་དང་ལམ་ཐིག་ལྟར་ཡང་བསྐྱར་ཚོ་ཆུང་དུ་བགོས་ཏེ་འབྲེལ་ཡོད་ཅ་ལག་རྣམས་བཟུང་ནས་ཆུ་ཁུངས་ལ་ལྟ་ཞིབ་ཚད་འཇལ་བྱེད་པའི་ལམ་དུ་ཆས་བཞིན་ཡོད།
          འགྲེམ་སྟོན་ཁང་གི2020ལོའི་ཆུ་ཁུངས་ལྟ་ཞིབ་ཚད་འཇལ་གྱི་ཟིན་བྲིས་ཤིག་ཏུ། རྒྱ་བོད་ཡིག་རིགས་གཉིས་ཀྱིས་ཆུ་ཁུངས་ཀྱི་མིང་དང་། ལྟ་ཞིབ་ཚད་འཇལ་བྱེད་མཁན། ལྟ་ཞིབ་ཚད་འཇལ་གྱི་དུས་ཚོད། ཆུ་ཁུངས་ཡོད་སའི་འཕྲེད་ཐིག་དང་གཞུང་ཐིག མཚོ་འཕགས་མཐོ་ཚད། བཞུར་རྒྱུན་གཙོ་བོ། ཉིན་སྲིབ། ཆུ་མིག་གམ་ཆུ་ཁུངས་ཀྱི་གནས་ཚུལ་འགྱུར་ལྡོག(འགྱུར་ལྡོག་ཆེ་བ་དང་ཆུང་བ། ཡང་ན་འགྱུར་ལྡོག་མེད་པ།) ཆུ་ཁུངས་ཡོད་སའི་ས་མིང་། ཆུ་ཁུངས་ཀྱི་ངག་རྒྱུན་སོགས་བཀོད་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།