ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མདོ་ལ་རི་བོའི་ལྷོ་འདབས་སུ“ལུག་ལ་བརྟེན་ནས་རྩྭ་འདེབས་པ”ལས་སྐྱེ་ཁམས་ཀྱི“རྨ་ཁ”གསོ་བཅོས་བྱས།

སྤེལ་དུས 2022-01-21 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          མདོ་ལ་རི་བོའི་དབུས་དཀྱིལ་དུ་ཡོད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་ཆུ་བྱང་སྡེ་བ་ན། ལས་གཉེར་མཚམས་འཇོག་བྱས་ནས་ཡུན་རིང་འགོར་བའི་གཏེར་ཁུང་རྙིང་བ་ཞིག་སྟེ་ཞི་ཧྲན་ལིའང(西山梁)ལྕགས་རིགས་མང་བའི་གཏེར་ཁུང(多金属矿)ཞེས་པ་དེ་ཡོད།

          ཞི་ཧྲན་ལིའང་གཏེར་ཁུལ་ལ་ལེགས་སྒྲིག་ཉམས་གསོ་མ་བྱས་པའི་སྔོན་གྱི་རྣམ་པ། པར་རིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་འདོན་སྤྲོད་བྱས།
          ཡུལ་དེའི་སྐྱེ་ཁམས་གཞི་ནས་ཉམས་ཞན་ཡིན་པའི་ཐོག་ལ། གཏེར་ཁ་སྔོག་འདོན་གྱི་སྐབས་གནོད་སྐྱོན་ཚབས་ཆེན་ཐེབས་པས། སྔོ་མེད་ས་ཆ་ཞིག་ཏུ་གྱུར་ཡོད། ད་སྐབས། རི་ལུང་གི་རྩྭ་རྣམས་སེར་བོར་གྱུར་ཡོད་ནའང་། ས་གནས་དེ་གའི་མིས་མཚམས་སྦྱོར་མ་བྱས་ན། དེ་ནི་སྔོན་ཆད་གཏེར་རི་ཞིག་ཡིན་པ་ཤེས་དཀའ།
          མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ན་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ་ཆིག་སྟོང་ཙམ་ཡོད། ཁྱབ་ཁོངས་སུ་འཁྱགས་ཀླུང་དང་གཙང་པོ། རྩྭ་ཐང་། ནགས་ཚལ་སོགས་ཡོད་པས། དེ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན།

          ཞི་ཧྲན་ལིའང་གཏེར་ཁུལ་ལ་ལེགས་སྒྲིག་ཉམས་གསོ་བྱས་རྗེས་ཀྱི་རྣམ་པ། པར་རིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་འདོན་སྤྲོད་བྱས།
          2020ལོའི་ཟླ10པར། རང་ཞིང་གིས་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ཉམས་གསོའི་བྱ་བ་སྒྲུབ་མགོ་ཚུགས་ནས་ཆི་ལེན་རྫོང་གི“ནག་ཐིག(图斑)གནད་དོན”123ཡོད་པ་བཅོས་སྐྱོང་བྱ་རྒྱུ་གཏན་འཁེལ་བྱས། ལེགས་སྒྲིག་ཉམས་གསོའི་བྱ་བ་མང་ཆེ་བ་བཀོད་སྒྲིག་ལྟར་སྒྲུབ་པའི་སྐབས། ཞི་ཧྲན་ལིའང་ལྕགས་རིགས་མང་བའི་གཏེར་ཁུང་ནི་རྫོང་དེའི་ནག་ཐིག་ལེགས་སྒྲིག་ཉམས་གསོའི་ཁྲོད་ཀྱི་ཆེས་སྒྲུབ་དཀའ་བ་ཞིག་ཏུ་གྱུར།
          “གཏེར་རི་འདིའི་ངོས་གཟར་ཞིང་། འགྲིམ་འགྲུལ་ཧ་ཅང་མི་བདེ། བགྲོད་ལམ་ཇེ་ཆེར་བཏང་སྟེ་འཕྲུལ་ཆས་བཙན་གྱིས་རི་མགོར་བསྐྱལ་ན། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེངས་གཉིས་པ་བཟོ་སྲིད་པས། ཚང་མས་ལུད་རྫས་དང་རྩྭ་སོན་སོགས་ཕྲག་ཏུ་ཁུར་ནས་བསྐྱལ་བ་ཡིན།” ཆི་ལེན་རྫོང་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་ཟུར་པ་མ་ཡིའུ་མིང(马有明)གིས་ཞི་ཧྲན་ལིའང་གི་གཏེར་ཁ་སྔོག་ཁུལ་གྱི་མཚོ་འཕགས་ལ་སྨི3460ཡོད་པ་དང་། གདོད་མའི་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན་ཞིང་། གནམ་གཤིས་ཧ་ཅང་མི་ལེགས། ལོ་རེའི་དྲོད་ཚད་ཀླད་ཀོར་མན་གྱི་ཉིན་གྲངས་ཀྱང183ཙམ་ཡོད་སྟབས། སྔོ་ཁེབས་སླར་གསོ་བྱ་རྒྱུ་ཧ་ཅང་དཀའ་ཞེས་མཚམས་སྦྱོར་བྱས།

          སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་ཡིས་ཞི་ཧྲན་ལིའང་གཏེར་ཁུལ་གྱི་སྔོ་རྩྭའི་སླར་སོས་གནས་ཚུལ་ལ་ལྟ་ཞིབ་བྱེད་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          ལས་འགན་དུས་བཅད་ཇེ་ཐུང་ལ་སོང་བ་དང་བསྟུན་ནས། མི་ཚང་མ་ཡང་ཐབས་ཟད་བཀོད་མེད་དུ་ལུས། ཉིན་ཞིག་ལ། གཏེར་རིའི་ལེགས་སྒྲིག་ཉམས་གསོ་མུ་རྒྱུད་ཀྱི་འགན་འཁུར་པ་ཧའོ་ཧྲེང་ཆིང(郝生清)ནམ་རྒྱུན་ལྟར་རང་ཁྱིམ་ནས་རི་མགོ་ལ་འགྲོ་བའི་སྐབས། སྡེ་འགྲམ་གྱི་ཕྱུགས་རའི་ནང་གི་སྔོ་རྩྭའི་སྐྱེ་ཚུལ་ཤིན་ཏུ་ལེགས་པ་དང་། མཐའ་འཁོར་གྱི་རྩྭའི་སྐྱེ་ཚུལ་དེ་འདྲའི་བཟང་རྒྱུ་མེད་པ་མཐོང་བ་རེད།
          “འདི་ནི་ཅི་ཡིན་ནམ”ཞེས་པའི་གནད་དོན་ལ་དམིགས་ནས་ཚང་མས་དཔྱད་བསྡུར་ཡང་ཡང་བྱས། ལུག་གིས་རྩྭ་ཟ་བའི་སྐབས། རྨིག་པ་ཡིས་ས་ངོས་སོབ་པར་བྱེད་པ་དང་། དུས་མཚུངས་སུ། རིལ་མ་ཡང་ལུད་རྫས་ཆེས་ལེགས་པོ་ཞིག་ཡིན་ཞེས་ཧའོ་ཧྲེང་ཆིང་གིས་མཚམས་སྦྱོར་བྱས།

          ཞི་ཧྲན་ལིའང་གཏེར་ཁུལ་གྱི་ལེགས་སྒྲིག་ཉམས་གསོ་བྱེད་པའི་རྣམ་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          “ལུག་ཁྱུ་རི་མགོར་དེད་དེ‘རྩྭ་འདེབས་སུ་བཅུག་ན’ཆོག་གམ”ཞེས་པའི་དྲན་ཚུལ་འདི་ལ་ཚང་མས་ཚོད་ལྟ་བྱས་ན་ཆོག་པའི་མོས་མཐུན་བྱུང་བར་མ་ཟད། ད་དུང་ལུག་གི་གཟན་ཆས་ནང་ལ་རྩྭ་སོན་བསྲེས་ན་རྩྭ་འདེབས་པར་རོགས་འདེགས་བྱེད་ཐུབ་པའི་གྲོས་མགོ་ཡང་བཏོན།
          ཟླ་བ་དྲུག་པ་ནི་མཐོ་སྒང་ས་ཁུལ་གྱི་ཆེས་ལེགས་པའི་རྩྭ་འདེབས་དུས་ཚིགས་ཡིན་ལ། ས་གནས་དེ་གའི་འབྲོག་པ་ལ་སྐུལ་སློང་བྱས་མཐར་ལུག་ཁྱུ་ཡང་རི་མགོ་ལ་དེད། རྫ་དམར་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་དོ་དམ་སྲུང་སྐྱོབ་པ་ཀྲང་ཡུང་ཀྲུའུ(张永柱)ཡིས“སྐབས་དེ་ལ། གུ་དོག་པའི་ཞི་ཧྲན་ལིའང་གི་ལུང་བའི་ནང་དུ་མི་དང་ལུག་གིས་གང་ཞིང་། མི་ཚོས་ཕྲག་ཏུ་གཟན་ཆས་དང་དངོས་པོ་ཁུར་ཏེ། སྐྱེ་ཁམས་ཉམས་གསོའི་བྱ་བ་ལ་བྲེལ་ཡོད”ཅེས་བཤད།

          ཞི་ཧྲན་ལིའང་གཏེར་ཁུལ་གྱི་སྐྱེ་ཁམས་ཉམས་གསོ་བྱས་རྗེས་ཀྱི་རྣམ་པ། པར་རིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་འདོན་སྤྲོད་བྱས།
          དེ་ནས་བཟུང་། ཞི་ཧྲན་ལིའང་དུ“རྩྭ་འདེབས་པའི”ལུག་ཁྱུ་ཞིག་ཐོན་པ་དང་། དེ་ཚོས་རྩྭ་སོན་བསྲེས་པའི་གཟན་ཆས་ཟོས་རྗེས། རི་ལུང་ཀུན་ལ་རྒྱུ་བ་དང་། ས་ངོས་སོབ་པར་གྱུར་པའི་ནང་དུ། རྩྭ་སོན་ཡོད་པའི་རིལ་མ“བཏབ་པ”ཡིན། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ200ལྷག་གིས་ལུག་རའི་ཉེ་འཁོར་དུ་སྦྲ་བརྒྱབ་སྟེ་ཉིན་དཀར་ས་རྐོ་སོན་འདེབས་བྱེད་པ་དང་། མཚན་མོར་རེས་མོས་ངང་ལུག་ཁྱུ་ལ་རི་སྐྱེས་སྲོག་ཆགས་ཀྱིས་འཇབ་རྒོལ་བྱེད་པར་སྔོན་འགོག་བྱས།
          དེ་ལྟར་ཉིན་ཞག་བར་མེད་དུ་རྒྱུན་འཁྱོངས་བྱས་ཏེ་བསྲུངས་ནས་དབྱར་མགོ་ཚེས་པ་ན། སྔར་གྱི་སྔོ་མེད་ས་ཆ་དེའི་རི་ལུང་དུ། ལྗང་མྱུག་སྐྱེས་པ་དང་། ལུག་གི་རིལ་མའི་ནང་ནས་བཞད་པའི་མེ་ཏོག་གིས་སྔར་གྱི་གཏེར་ཁ་སྔོག་པ་ལས་བྱུང་བའི་སྐྱེ་ཁམས་ཀྱི“རྨ་ཁ”ཡི་ཚབ་བྱས་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།