ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ཨ་མ་རྒན་མོ་ཞིག་དང་ཤྭ་བ་སེར་ཆེན་བར་གྱི་གཏམ་རྒྱུད་ཅིག

སྤེལ་དུས 2022-01-27 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          བསོ་བསོ་བསོ། བསོ་བསོ་བསོ། ཞེས་བོད་རིགས་ཨ་མ་རྒན་མོ་བྱང་ཆུབ་ལྷ་མོ་ལགས་ཀྱིས་རི་མགོའི་ཕྱོགས་ལ་འཁོར་ཏེ་སྐད་བརྒྱབ་པ་ན། ཤ་བ་སེར་ཆེན་བཅུ་ཕྲག་ཅིག་སྐད་ཅིག་ཙམ་ལ་ཨ་མ་རྒན་མོའི་མདུན་དུ་བསླེབས་ཏེ། “ཁོང་ཚོ”ལ་གྲ་སྒྲིག་བྱས་ཡོད་པའི་འུ་སུའི་རྩ་བ་སོགས་ཟ་བ་རེད།

          འདི་ནི་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་རི་བོ་ཆེའི་ཤ་བ་སེར་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་མཐོང་བའི་རྣམ་པ་ཡིན།
          ཤ་བ་སེར་ཆེན་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ཞིང་། དེ་ལ《སྟོངས་ཉེའི་རི་སྐྱེས་སྲོག་ཆགས་རིགས་རྒྱུད་ཀྱི་རྒྱལ་སྤྱིའི་ཉོ་འཚོང་སྤྱི་ཆིངས》ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད། རི་བོ་ཆེའི་ཤ་བ་སེར་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རི་བོ་ཆེ་རྫོང་དུ་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོད་སྟབས། ཡུལ་འདི་ནི་ཤ་བ་སེར་ཆེན་སོགས་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་སྡོད་རྒྱུད་སྤེལ་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད།
          ཤ་བ་སེར་ཆེན་བར་གྱི་ལས་འབྲེལ་དེ་གླེང་ཡོང་དུས། ཨ་མ་རྒན་མོ་བྱང་ཆུབ་ལྷ་མོས“ང་ལོ15ཡིན་པའི་སྐབས། སྡེ་བའི་ནང་གི་མི་དང་མཉམ་དུ་རི་མགོར་ཕྱུགས་འཚོ་རུ་སོང་བ་དང་། དེ་ནས་རྩེབ་མ་ཐག་པའི་ཤ་བ་སེར་ཆེན་གྱི་ཕྲུ་གུ་གསུམ་རྙེད་པ་ཡིན། རྫི་བོ་རྒན་པ་ཚོས་ཕྲུ་གུའི་ཨ་མ་མི་འདུག་ཅེས་བཤད་པ་ན། ངའི་སེམས་ལ་འདི་ཚོ་གཉོར་སྐྱོང་བྱེད་པའི་འདུན་པ་སྐྱེས་སོང”ཞེས་བཤད།

          དུས་དེ་ནས་བཟུང་། བྱང་ཆུབ་ལྷ་མོ་ཡིས་གཉོར་སྐྱོང་ཞིབ་ཚགས་བྱས་པ་ན། ཤ་བ་སེར་ཆེན་གྱི་ཕྲུ་གུ་གསུམ་པོ་ཡང་རིམ་པར་འཚར་ལོངས་བྱུང་བ་དང་། སྡེ་བའི་ནང་གི་ལོ་ལོན་གྱིས་གྲོས་འགོ་བཏོན་པ་ནང་བཞིན། ཤ་བ་སེར་ཆེན་གྱི་ཕྲུ་གུ་གསུམ་པོ་ཡང་ཕྱིར་རང་བྱུང་ཁམས་སུ་བཏང་བ་རེད།
          ལོ་འགའི་རྗེས་ལ། ཤ་བ་སེར་ཆེན་མང་པོ་སྤང་ཐང་ལ་ཡོང་ནས་ཁ་ཟས་འཚོལ་བའི་སྐབས། བྱང་ཆུབ་ལྷ་མོ་ཡིས་འུ་སུའི་རྩ་བ་དང་བ་ཚྭ་སོགས་བྱིན་པ་རེད། སྐབས་དེར། ཤ་བ་སེར་ཆེན་མང་པོའི་ཁྲོད་ནས། སྔོན་ཆད་གཉོར་སྐྱོང་བྱས་པའི་ཕྲུ་གུ་དེ་གསུམ་པོ་ངོ་ཟིན་པ་རེད།
          བྱང་ཆུབ་ལྷ་མོ་དང་ཤ་བ་སེར་ཆེན་བར་གྱི་མཛའ་བརྩེ་ཡང་འདི་ལྟར་བྱུང་བ་རེད། དེ་ནས་བཟུང་། ལོ་རེའི་དགུན་སྟོད་ལ། ཤ་བ་སེར་ཆེན་མང་པོ་ཁྱུ་བྱས་ནས་སྤང་ཐང་ལ་ཁ་ཟས་འཚོལ་དུ་ཡོང་དུས། བསམ་བཞིན་དུ་ཁོ་མོ་འཚོལ་ནས་ཡོང་བ་དང་། དབྱར་དུས་སུ། རི་མགོའི་རྩྭ་ས་ལེགས་པ་ན། ཤ་བ་སེར་ཆེན་ཚོ་ཡང་བསྐྱར་རི་མགོའི་ཕྱོགས་ལ་བསྐྱོད་པ་རེད། དེ་ལྟར། ཤ་བ་སེར་ཆེན་རྣམས་སྤང་ཐང་དུ་ཡོང་ཐེངས་རེ་ལ། བྱང་ཆུང་ལྷ་མོ་ཡིས་དུས་བཅད་ལྟར་ཁ་ཟས་གྲ་སྒྲིག་བྱས་ཏེ“ཁོ་ཚོ”ལ་བསྒུགས་ཡོད།

          1993ལོར། རི་བོ་ཆེའི་ཤ་བ་སེར་ཆེན་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་ན། བྱང་ཆུབ་ལྷ་མོ་ཚང་གི་རྩྭ་ར་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དུ་གྱུར་པ་དང་། བྱང་ཆུབ་ལྷ་མོ་ཡང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་དོ་དམ་པ་ཞིག་ཏུ་གྱུར།
          དེ་ནས་བཟུང་། བྱང་ཆུབ་ལྷ་མོ་ཡིས་ཤ་བ་སེར་ཆེན་རྣམས་ཀྱི་འགུལ་སྐྱོད་ལམ་ཐིག་དང་ཁ་ཟས། འཚོ་སྡོད་ཀྱི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱ་དགོས་པར་མ་ཟད། ད་དུང་ཉིན་ལྟར་སྐོར་ཞིབ་བྱས་ཏེ་རི་སྐྱེས་སྲོག་ཆགས་ལྐོག་རྔོན་བྱེད་མཁན་གྱིས་ཤ་བ་སེར་ཆེན་ལ་གནོད་འཚེ་བྱེད་པར་དོགས་ཟོན་ཡང་བྱ་དགོས་པ་རེད།
          2005ལོར། སྲུང་སྐྱོབ་ཁུལ་ནི་དངོས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་རིམ་འཕར་བྱས། 2015ལོར། ལོ་དྲུག་ཅུ་ལ་སོན་པའི་བྱང་ཆུབ་ལྷ་མོ་དོ་དམ་ས་ཚིགས་ནས་ལས་འཁྱུར་ངལ་གསོ་བྱས་ནའང་། ཁོ་མོའི་ཁྱིམ་མི་ཤ་བ་སེར་ཆེན་ལ་བདག་སྐྱོང་བྱེད་པའི་རུ་ཁག་ཏུ་ཞུགས་ཡོད།
          པདྨ་ཚེ་རིང་ནི་བྱང་ཆུབ་ལྷ་མོའི་བུ་ཆུང་བ་ཡིན་ལ། ད་ལྟར་ཁོ་དང་ཁོའི་ཕུ་བོ་རིན་ཆེན་ཚེ་འཕེལ་གཉིས་ནི་དོ་དམ་ས་ཚིགས་ནས་བྱ་བ་ལས་ཏེ་ལོ་དྲུག་ལྷག་འགོར་ཡོད་ལ། ཁོ་གཉིས་ཀྱིས་དགུན་དུས་སྤང་ཐང་དུ་ཡོང་ནས་ཁ་ཟས་འཚོལ་བའི་ཤ་བ་སེར་ཆེན་ལ་བདག་སྐྱོང་བྱེད་པའི་ལས་འགན་ཁུར་ཡོད།

          “ཆུང་དུས་ནས་བཟུང་། ཨ་མས་ཤ་བ་སེར་ཆེན་ལ་བདག་སྐྱོང་བྱེད་པ་མཐོང་བ་ན། ང་ཚོས་ཀྱང་རང་བཞིན་ངང་དེ་ཚོ་དང་མཉམ་དུ་ཇི་ལྟར་འདུག་པ་ཤེས་ཡོད། སྲུང་སྐྱོབ་ཁུལ་ནས་ང་ལ་ཐོབ་པ་ནི་བྱ་བ་ཙམ་མིན་པར། མང་ཤོས་ནི་བདེ་སྐྱིད་ཅིག་རེད།” རིན་ཆེན་ཚེ་འཕེལ་གྱིས“ད་སྐབས། ཨ་མ་རྒས་སོང་བ་རེད། ང་ཚོས་ཁོང་མོའི་ལས་འགན་ཁུར་ཏེ་ཁོང་མོ་ནང་བཞིན་ཤ་བ་སེར་ཆེན་འདི་ཚོ་ལ་བདག་སྐྱོང་བཟང་པོ་དང་ང་ཚོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་པའི་རེ་བ་ཡོད”ཅེས་བཤད།
          “ང་ཚོའི་སྲུང་སྐྱོབ་ཁུལ་འདི་ན། ད་ཡོད་ཀྱི་རི་སྐྱེས་ཤ་བ་སེར་ཆེན3500ལས་བརྒལ་ཡོད་པ་དང་། 2005ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་དུས་དང་བསྡུར་ན། ཁ་གྲངས30%ཙམ་འཕར་ཡོད”ཅེས་རི་བོ་ཆེ་རྫོང་གི་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་ལྷག་པ་ཚེ་རིང་གིས་བཤད།