ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མེ་ཏོག་རྫོང་ཞེས་པ་ནི“མེ་ཏོག”ཡོད་པ་ལས་མིང་དེ་ལྟར་ཐོགས་པ་ཡིན་ནམ།

སྤེལ་དུས 2022-03-21 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

མེ་ཏོག་རྫོང་། པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          མེ་ཏོག་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ན་ཡོད་ཅིང་། དེར་མདོ་དབུས་མཐོ་སྒང་དུ་མང་པོ་མེད་པའི་ཚ་ཁུལ་ཕལ་བའི་རླན་གཤེར་གནམ་གཤིས་མངའ།
          ངོ་མཚར་བའི་རང་བྱུང་ཁམས་ཀྱིས་མེ་ཏོག་རྫོང་ལ་གཞན་ལས་ཁྱད་དུ་འཕགས་པའི“མཚོན་རྟགས”ཏེ། མེ་ཏོག་པདྨའི་ཞིང་ཁམས་དང་ཡར་ཀླུང་གཙང་པོའི་ཁུག་པ་ཆེན་པོ། ཁྱད་ལྡན་དངོས་ཟོག་ཇ་ལོ་དང་། ངང་ལག ལེ་མོན་ཆེ་བ། ཐ་ན་ཁུང་འབྲུག་དུས་རབས་ཀྱི་རྩི་ཤིང་ས་ལུ(桫椤)སོགས་ཀྱང་གནང་ཡོད།

མེ་ཏོག་རྫོང་གི་ཤིང་འབྲས་སྣ་ཚོགས། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          ཡུལ་དེའི་སྡོད་དམངས་གཙོ་བོ་ནི་མོན་པ་རིགས་དང་ལྷོ་པ་རིགས་གཉིས་ཡིན་ཞིང་། ཁོ་ཚོར་བེ་ནས་ཀྱིས་ཆང་བཙགས་པའི་གོམས་སྲོལ་ཡོད།
          སྔོན་ཆད། མེ་ཏོག་རྫོང་ལ་གཞུང་ལམ་མེད་པའི་དབང་གིས“མཐོ་སྒང་གི་ཁེར་ཆགས་གླིང་ཕྲན”ཞེས་འབོད། རྫོང་དེའི་ཕྱོགས་གསུམ་ནི་རི་བོ་ཧི་མ་ལ་ཡ་དང་གངས་རི་དཀར་པོ་ཡིས་བསྐོར་བ་དང་། དེའི་ཐོག་ལ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་དང་ཕར་ལུང་གཙང་པོའི་གྲོག་རོང་གཉིས་ཡོད་སྟབས། ས་བབ་གཟར་ཞིང་ཉེན་ཁ་ཆེ་བར་མ་ཟད། ད་དུང་ས་ཡོམ་དང་རི་ཉིལ། འདམ་རྡོ་ཆུ་རུད། ཡུལ་བྱེ་བྲག་ཏུ་ཆར་ཆུའི་འབབ་ཚད་མང་བ་སོགས་ཀྱིས་མེ་ཏོག་རྫོང་དུ་གཞུང་ལམ་བསྐྲུན་པ་ནི་ཆེས་དཀའ་བའི་ལས་ཤིག་ཏུའང་གྱུར་ཡོད།

དགའ་ལུང་ལའི་ཕུག་ལམ་གྱི་ལྷོ་རྒྱུད། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          1965ལོར། མེ་ཏོག་རྫོང་གིས་གཞུང་ལམ་སྐྲུན་འཆར་བྱས་ཀྱང་། རི་བོ་གཟར་ཞིང་ལུང་བ་དོག་པའི་དབང་གིས་ལས་མཚམས་བཞག དེ་ནས་དུས་རབས་གོང་མའི་ལོ་རབས70ནས80ཡི་བར་ལ། ཡང་བསྐྱར་སྤྱི་ལེ100ཙམ་ཡོད་པའི་གཞུང་ལམ་ཐེབས་ཆག་ཅིག་བསྐྲུན་ཀྱང་། ལམ་དུམ་མང་ཤོས་ལ་རྡིབ་སྐྱོན་བྱུང་བ་སོགས་ལས་བེད་སྤྱོད་བྱེད་ཐབས་མེད་པར་གྱུར།
          2009ལོའི་ཟླ་བཞི་པར། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར9.5བཏང་སྟེ། མེ་ཏོག་རྫོང་གི་གཞུང་ལམ་སྐྲུན་མགོ་ཚུགས་པ་དང་། 2013ལོའི་ཟླ་བཅུ་པར། གཞུང་ལམ་དངོས་སུ་ཤར་གཏོང་བྱས་ཏེ་མེ་ཏོག་རྫོང་གི་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱང་མཇུག་རྫོགས།

མེ་ཏོག་རྫོང་གི་གཞུང་ལམ། པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          གཞུང་ལམ་གྱིས་མེ་ཏོག་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་པར་མ་ཟད། ད་དུང་མེ་ཏོག་རྫོང་གི་ཇའི་ཐོན་ལས་ལ་འཕེལ་རྒྱས་འབྱུང་བར་ཡང་སྐུལ་འདེད་བྱས་ཡོད།
          ད་ལྟའི་མེ་ཏོག་རྫོང་དུ། ཇ་ལོ་འདེབས་འཛུགས་ར་བ90ཡོད་ཅིང་། རྒྱ་ཁྱོན་ནི་མུའུ་ཁྲི2.59ལས་བརྒལ་བ་དང་། ར་ནང་དུ་ཇ་ལོ་སྣ་ཚོགས་བཏབ་ཡོད་པ་ལས། དེ་ཚང་མ་ནི་ས་གནས་མང་ཚོགས་ཕྱུག་འགྱུར་ལ་རོགས་འདེགས་བྱེད་པའི“གསེར་གྱི་ལོ་མ”རུ་གྱུར་ཡོད།

ཇ་ལོ་འཐོག་པ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          མེ་ཏོག་གྲོང་རྡལ་དུ། ཡུལ་དེའི་མང་ཚོགས་ཀྱིས་གཞུང་ལམ་གྱི་ལོགས་སུ་ཆུ་ཤིང་དང་ལེ་མོན་ཆེ་བ། བུར་ཤིང་། ཀ་པད། དུས་ཚིགས་རང་བཞིན་གྱི་ཁམ་བུ་དང་ཞུ་མཁན་སོགས་འཚོང་བཞིན་ཡོད།
          ས་ལུ་ཞེས་པ་ནི་ཁུང་འབྲུག་དང་དུས་རབས་གཅིག་པའི་རྩི་ཤིང་ཞིག་ཡིན་ཞིང་། ལོ་དུང་ཕྱུར2ནས3གྱི་སྔོན་ལ་བྱུང་བ་དང་། སྔོན་ཆད་ཁུང་འབྲུག་གི་ཁ་ཟས་བྱས་མྱོང་བར་མ་ཟད། ད་ལྟར་དངོས་སུ་ཡོད་པའི་ཤིང་རིགས་རྩི་ཤིང་ཞིག་ཀྱང་ཡིན། ཚན་རིག་སྡེ་ཡིས་དེ་ལ་གནའ་བོའི་སྐྱེ་དངོས་དང་སའི་གོ་ལའི་འཕོ་འགྱུར་ལ་ཞིབ་འཇུག་གི“འགྱུར་རྡོ་གསོན་པོ”ཞེས་འབོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་རྩི་ཤིང་ཡིན།

གོར་གོར་ཐང་ལམ་འགུག་ཆེན་པོ། པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།
          ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་གཙོ་གཟུགས་ནི་མེ་ཏོག་རྫོང་དུ་ཡོད་པས། མེ་ཏོག་རྫོང་གི་རང་བྱུང་ཁོར་ཡུག་ལ་ངོ་མཚར་ཆེ་ཞིང་བརྗིད་ཉམས་ལྡན། རྫོང་གི་ལྷོ་རྒྱུད་ལ་སོང་ན། མཚོ་འཕགས་ཇེ་དམའ་ནས་ཇེ་དམའ་ཡིན་ལ། ཚ་ཁུལ་ཕལ་བའི་ཆུ་ཤིང་ཡང་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་སྐྱེས་ཡོད་སྟབས། དགུན་ཁ་ནས་ཐད་ཀར་དབྱར་ཁ་ལ་ཐོན་པ་དང་འདྲ།
          མེ་ཏོག་རྫོང་དུ། ཡར་ཀླུང་གཙང་པོའི་ཁུག་པ་ཆེན་པོ་སྟེ་ཀྱོག་མདོ་ཆེན་པོ་དང་གོར་གོར་ཐང་ལམ་འགུག་ཆེན་པོ་གཉིས་ཡོད། ཁུག་པ་ཆེན་མོའི་ལྗོངས་གཟིགས་སྟེགས་བུ་ཐོག་ཏུ་བསྡད་ན། མཁའ་དབུགས་ནང་གི་ཆུ་རྡུལ་ཚོར་ཐུབ་པར་མ་ཟད། ལྷུང་ལྷུང་དུ་འབབ་པའི་གཙང་པོ་རྒྱང་རིང་དུ་བཞུར་བའང་མཐོང་ཐུབ།

ཀྱོག་མདོ་ཆེན་པོ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས། 
རྩོམ་སྒྲིག་པ། བསྟན་ཆོས།