ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གིས་སྲུང་སྐར་ལས་གསའ་གཉིས་ཀྱི་རྗེས་འདེད་པའི་བྱ་བ་ལེགས་འགྲུབ་བྱུང་།

སྤེལ་དུས 2022-03-23 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཉེ་ཆར། མདོ་ལ་རི་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་མུ་རྒྱུད་ཀྱིས་སྲུང་སྐར་ལས་སྲོག་ཆགས་གསའ་གཉིས་ཀྱི་རྗེས་འདེད་པའི་བྱ་བ་བདེ་བླག་ངང་གྲུབ་པ་དང་། ཞིབ་འཇུག་འདི་ཡིས་རང་རྒྱལ་གྱིས་སྲོག་ཆགས་གསའ་འཐུས་མཚོན་དུ་བྱས་པའི་མཐོ་སྒང་གི་གཅན་གཟན་ཁྱུ་ཚོགས་བར་དང་། ཁྱུ་ཚོགས་དང་སྐྱེ་ཁམས་མ་ལག་བར། སྐྱེ་ཁམས་མ་ལག་དང་མིའི་བར་གྱི་ཐུན་མོང་མཉམ་གནས་རྒྱུན་འཁྱོངས་ཀྱི་སྒྲིག་སྲོལ་ཞིབ་འཇུག་གི་སྟོང་ཆ་བསྐངས་པ་རེད།

          གསའ་ནི་མདོ་ལ་རིང་མོ་རི་མཐོའི་སྐྱེ་ཁམས་མ་ལག་ནང་གི་ཕྱོགས་སྟོན་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པའི་ཆ་ནས། དེའི་ཁྱུ་ཚོགས་ཀྱི་བདེ་ཐང་གནས་ཚུལ་གྱིས་མདོ་ལ་རིང་མོ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཅི་འདྲ་ཡིན་པ་མཚོན་པས། གསའ་ཡི་ཁྱུ་ཚོགས་ཀྱི་ཁྱབ་ཚུལ་དང་གསའ་བྱེ་བྲག་པའི་འཚོ་བ་རོལ་སྟངས། ཁྱུ་ཚོགས་ཀྱི་རིགས་རྒྱུད་སྤེལ་ཚུལ། འཚོ་གནས་རྒྱུན་འཁྱོངས་སྒྲིག་སྲོལ་སོགས་སྐྱེ་ཁམས་རིག་པའི་ཆ་འཕྲིན་ཡང་དག་ངང་རྒྱུས་ལོན་བྱས་ན། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་ལ་དོན་སྙིང་གལ་ཆེན་ཡོད།

          ཤེས་གསལ་ལྟར་ན། 2021ལོའི་ཟླ11པར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་དང་པེ་ཅིང་སློབ་ཆེན་གྱི་འབུམ་རམས་པ་ཝང་ཏ་ཅུན་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་གྲུབ་པའི་ལས་དོན་ཚོ་ཆུང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཐེམ་ཆེན་རྫོང་སུ་རུ་ཞང་དུ་ཕྱིན་ཏེ་གསའ་ལ་སྲུང་སྐར་རྗེས་འདེད་ཀྱི་ལས་དོན་སྤེལ། སྲུང་སྐར་རྗེས་འདེད་ཀྱི་གོ་རིམ་ཡོངས་ལ་དུས་ཡུན་ཉིན45འགོར་བ་དང་། ཆ་འཕྲིན་བསྡུ་ལེན་ས་ཚིགས11ཙམ་སྒྲིག་འགོད་བྱས། དེ་ནས2021ལོའི་ཟླ12པའི་ཚེས6ཉིན་དང2022ལོའི་ཟླ1པའི་ཚེས9ཉིན་གཉིས་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སུ་རུ་ཞང་གི་ཁོངས་གཏོགས་སུ་གསའ(མོ)གཉིས་ཀྱི་ཆ་འཕྲིན་བསྡུ་ལེན་བྱེད་ཐུབ་པར་མ་ཟད། ད་དུང་དུས་རིམ་རང་བཞིན་གྱི་སྲུང་སྐར་རྗེས་འདེད་བྱ་བ་ཡང་ལེགས་འགྲུབ་བྱུང་།

          མིག་སྔའི་བར་དུ། གསའ་དེ་གཉིས་ཀ་ལས་ཁྱོན་བསྡོམས་གནས་གཏན་གཞི་གྲངས1660ཙམ་བསྡུ་ལེན་བྱུང་བ་དང་། འགུལ་སྐྱོད་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ13.8དང་སྤྱི་ལེ་གྲུ་བཞི་མ42རེ་ཡོད་ཅིང་། དེའི་ནང་གི་གསའ་གཅིག་ནི་ཕྱིར་རང་བྱུང་ཁམས་སུ་བཏང་རྗེས། གནས་གཏན་བྱས་པ་བརྒྱུད་ཡང་བསྐྱར་རྙེད་པ་དང་། གཞི་གྲངས་བསྡུ་ལེན་བྱས་པ་ལས་གསལ་བ་ལྟར་ན། གསའ་ཕྲུག་གཉིས་གཉོར་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། འགུལ་སྐྱོད་བྱེད་ཚུལ་ཡང་རྒྱུན་ལྡན་རེད། འགུལ་སྐྱོད་ཁྱབ་ཁོངས་ནང་དུ་གནའ་བ་ཞིག་བསད་པའི་རྗེས་ཤུལ་ཡོད་པ་ལས། རྗེས་འདེད་སྐེ་ཕྲེང་བསྐོན་ཀྱང་རི་དྭགས་རྔོན་ཚད་རྒྱུན་ལྡན་ཡིན་པ་མཚོན།

          མཚམས་སྦྱོར་བྱས་པར་གཞིགས་ན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས2020ལོའི་ཟླ12པར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་འབྲེལ་ཡོད་སྲིད་འཛིན་ཆོག་འཐུས་བླངས་པ་དང་། 2021ལོར། གསའ་ལ་སྲུང་སྐར་རྗེས་འདེད་ཀྱི་བྱ་བའི་ལས་གཞི་སྤེལ་མགོ་ཚུགས་ནས་གསའ་ཡི་འགུལ་སྐྱོད་ཁྱབ་ཁོངས་དང་ཁྱབ་ཚུལ་རྣམ་པ་སོགས་ཀྱི་ཚན་རིག་གཞི་གྲངས་བསྡུ་ལེན་བྱས་ཏེ་གསའ་ཡི་འགུལ་སྐྱོད་ཆོས་ཉིད་དང་གསའ་བྱེ་བྲག་པའི་འཚོ་བ་རོལ་སྟངས། འཚོ་གནས་སྒྲིག་སྲོལ་སོགས་སྐྱེ་ཁམས་རིག་པའི་ཆ་འཕྲིན་གསལ་སྟོན་བྱས་ནས་གསའ་ཡི་སྲུང་སྐྱོབ་ཞིབ་འཇུག་ལ་གཞུང་ལུགས་ཀྱི་རྨང་གཞི་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་གྱི་ཇུས་ཐག་གཅོད་པ་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

          2017ལོར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱས་པ་ནས་བཟུང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གསའ་སྲུང་སྐྱོབ་ཀྱི་བྱ་བ་ཨང་དང་པོར་བཟུང་སྟེ། བསྟུད་མར་སྲོག་ཆགས་གསའ་ཡི་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་བ་དང་། དུས་མཚུངས་སུ་ཧུར་ཐག་ངང་ལག་རྩལ་འགག་གནད་བརྟོལ་ཏེ་རང་རྒྱལ་དུ་གསའ་ལ་སྲུང་སྐར་རྗེས་འདེད་ཀྱི་བྱ་བ་ཐོག་མར་སྤེལ་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།