ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མཚོ་སྔོན་པོའི་མཚོ་དར་ཞུ་མགོ་ཚུགས།

སྤེལ་དུས 2022-03-23 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ཟླ3པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་དེའིEOS/MODISསྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་འཇལ་ལས། མཚོ་སྔོན་པོའི་མཚོ་དར་ཞུ་བའི་མཚོ་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ604.5ཡིན་ཞིང་། དེ་ཡིས་མཚོ་ངོས་སྤྱིའི་རྒྱ་ཁྱོན་གྱི10%ཟིན་པ་དང་། མཚོ་སྔོན་པོ་མཚོ་དར་ཞུ་མགོ་ཚུགས་པའི་དུས་སུ་སླེབས་ཡོད་པ་གསལ་བོར་མངོན་ཡོད།
          རྒྱུས་ལོན་བྱུང་བ་ལྟར་ན། རྗེས་ཕྱོགས་སུ་མཚོ་སྔོན་པོའི་ཁྱབ་ཁོངས་སུ་སྔར་བཞིན་ནུབ་རླུང་རིམ་པ6ནས7ཙམ་ལྡང་རྒྱུ་ཡིན་པ་དང་། དེའི་ཐོག་ལ་ཉེ་སྔོན་གྱི་དྲོད་ཚད་ཡར་འཕར་བ་ན། མཚོ་དར་མགྱོགས་མྱུར་ངང་ཞུ་བར་ཕན་པ་རེད། ཚོད་དཔག་བྱས་ན་ཟླ་གསུམ་པའི་ཟླ་སྨད་ལ་མཚོ་དར་ཚང་མ་ཞུ་ཚར་རྒྱུ་རེད།
མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ནང་ལོགས་ཀྱི་མཐོ་སྒང་ཚྭ་ལྡན་མཚེའུ་ཡིན་ཞིང་། དེ་ནི་མདོ་དབུས་མཐོ་སྒང་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆུ་གཟུགས་གལ་ཆེན་ཞིག་དང་ནུབ་རྒྱུད་བྱེ་ཐང་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་འགོག་པའི་རང་བྱུང་སྲུང་ཡོལ་ཞིག་ཀྱང་ཡིན།
          མཚོ་སྔོན་པོའི་མཚོ་དར་ཆགས་སྐབས་ནི་རྒྱུན་ལྡན་དུ་དུས་ཡུན་ཟླ་བ་བཞི་ལྷག་ཡིན་ལ། ཕྱི་ལོའི་ཟླ་བཞི་པར་ཐོན་ཏེ་མཐོ་སྒང་ས་ཆ་འདི་ད་དུང་སྐྱ་ཐིང་ངེར་ཡོད་པའི་སྐབས། དགུན་སྒྲོལ་བྱས་པའི་མཚོ་སྔོན་པོ་ཡང་དལ་བུར་སད་པ་དང་། མཚོ་དར་ཞུ་བའི་སྐབས། དར་ངོས་ཞུ་མགོ་ཚུགས་པ་ནི་མེ་ལོང་ཞིག་ལ་གས་ཆག་ཤོར་བ་དང་འདྲ་ལ། དྭངས་ཤིང་གསལ་བའི་མཚོ་མོའང་ཡང་བསྐྱར་ཀུན་གྱི་མིག་ལམ་དུ་མངོན་པ་དང་། མཚོ་མོ་ཡིས“མཚོ་ཁ་འབྱེད་པའི”རྣམ་པ་ལྟར་མཐོ་སྒང་གི་དཔྱིད་དཔལ་སད་པར་བྱས་ཏེ་རང་ཉིད་ཀྱི་འཇོ་སྒེག་སྟོན་པ་ཡིན།
          ཤེས་གསལ་ལྟར་ན། མཚོ་སྔོན་པོའི“མཚོ་དར་ཞུ་བ”ལ། རྒྱུན་ལྡན་དུ“དྲག་པོའི་ཞུ་བ”དང“ཞི་བའི་ཞུ་བ”གཉིས་ཡོད་ཅིང་། “དྲག་པོའི་ཞུ་བ”ཞེས་པ་ནི་མཚོ་སྔོན་པོའི་མཚོ་དར་རླུང་ཤུགས་ཀྱི་ཤུགས་རྐྱེན་འོག ཕན་ཚུན་བཙིར་གནོན་དང་གསོག་སྤུངས་བྱུང་སྟེ་མཚོ་འགྲམ་དུ་གཡེང་ཡོང་ཞིང་། དེ་ནས“མཚོ་དར་གྱི་རི་བོ”འདྲ་མང་པོ་ཆགས་པ་ཡིན། “ཞི་བའི་ཞུ་བ”ཞེས་པ་ནི་མཚོ་སྔོན་པོའི་དྲོད་ཚད་ཇེ་མཐོར་གྱུར་པ་དང་བསྟུན་ནས་དར་ངོས་ཇེ་སྲབ་ཏུ་འགྲོ་བ་དང་། ཐ་ན་ཞུ་བ་ཡིན།
          གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་སྔོན་མ་དང་བསྡུར་ཚེ། ད་ལོའི་མཚོ་སྔོན་པོའི་མཚོ་དར་ཞུ་བ་ནི་ཉིན12ཀྱིས་སྔ་སྣུར་བྱས་ཡོད་པ་དང་། ཉེ་བའི་ལོ་བཅུ་ཡི་རིང་གི་ཆ་སྙོམས་གྲངས་ཚད་དང་བསྡུར་ན། མཚོ་དར་ཞུ་མགོ་ཚུགས་པ་ནི་ཉིན4ཡིས་ཕྱི་སྣུར་བྱས་ཡོད་པ་རེད།
          ཟླ་གསུམ་པ་སླེབས་པའི་ཚུན་ལ། མཚོ་སྔོན་པོའི་ཁྱབ་ཁོངས་ཀྱི་ཆ་སྙོམས་དྲོད་ཚད་དང་། ཆེས་མཐོའི་དྲོད་ཚད། ས་ངོས་དྲོད་ཚད་ཚང་མ་ཇེ་དྲོར་ཕྱིན་པ་དང་། རླུང་ཤུགས་ཀྱང་ཇེ་ཆེར་སོང་ཡོད་པ་རེད། ཟླ3པའི་ཚེས14ཉིན་མཚོ་སྔོན་པོ་ལ་མཚོ་དར་ཞུ་བའི་རྣམ་པ་བྱུང་བ་ནས་བཟུང་། དྲོད་ཚད་འཕར་བ་དང་རླུང་ཤུགས་ཇེ་ཆེར་སོང་བ་ལས། མཚོ་དར་ཞུ་བའི་འགྲོས་ཚད་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བྱས་ཡོད།
རྩོམ་སྒྲིག་པ། བསྟན་ཆོས།