ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ངོ་མཚར་ཆེ་བ་ལ། ཁྲུང་ཁྲུང་སྐྱ་བོ་ཁྲི་ལྷག་ཏུའུ་ལན་དུ་གནས་སྐབས་འདུས་སྡོད་བྱས་འདུག

སྤེལ་དུས 2022-03-30 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

          དཔྱིད་མཉམ་གྱི་དུས་འདས་ཏེ། སྐྱེ་དངོས་ཚང་མ་དགུན་ཉལ་རྫོགས་ནས་སྐྱེ་འཕེལ་བྱེད་པའི་དུས་ལ་བསླེབས་ཡོད། མཚོ་སྔོན་དུའང་དཔྱིད་དུས་ཀྱི་དུས་བྱ་གནས་སྤོར་གྱི་ཚ་རླབས་ཤིག་འཕྱུར་ཡོད།
          ཉེ་ཆར། ཁྲུང་ཁྲུང་སྐྱ་བོ་ཁྲི་ལས་ལྷག་པ་ཞིག་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་པ་ལུང་ས་ཁུལ་དུ་གནས་སྐབས་འདུས་སྡོད་བྱས་ཏེ། ཁ་ཟས་འཚོལ་བཞིན་ཡོད།

          མཚོ་སྔོན་ནི་ཁྲུང་ཁྲུང་སྐྱ་བོ་ལྷོ་བྱང་ཕྱོགས་ལ་གནས་སྤོར་བྱེད་སྐབས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་ཞིང་། ལོ་རེའི་དཔྱིད་དུས་སུ། ཁྲུང་ཁྲུང་སྐྱ་བོ་གྲངས་ལས་འདས་པ་ཞིག་རང་ཞིང་གི་མཚོ་ནུབ་མུ་རྒྱུད་ནས་རྒྱུ་བའི་དབང་གིས། མཚོ་ནུབ་ས་ཆའང་ཁྲུང་ཁྲུང་སྐྱ་བོ་གནས་སྐབས་འདུས་སྡོད་བྱེད་ས་ཞིག་ཡིན། རང་ཞིང་དུ། ཁྲུང་ཁྲུང་སྐྱ་བོ་ནི་དུས་བྱ་ལ་གཏོགས་པ་ཡིན།

          ཁྲུང་ཁྲུང་སྐྱ་བོའི་རྒྱུད་སྤེལ་དུས་ཚིགས་ལ། ཁྲུང་ཁྲུང་སྐྱ་བོ་དང་རང་གི་ཉེ་འབྲེལ་ཏེ་ཁྲུང་ཁྲུང་དཀར་མོ་དང་མཉམ་འདུས་བྱེད་པ་ཡིན། ཁྲུང་ཁྲུང་སྐྱ་བོའི་གནས་སྤོར་གནས་ཚུལ་ལ་རྒྱུས་ལོན་སྔར་ལས་ལྷག་པ་བྱ་ཆེད། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་གཟིགས་མཐུན་ཚོགས་ཀྱིས་ལོ་གསུམ་ལ་བསྟུད་མར་ཡུལ་དངོས་རྟོག་ཞིབ་དང་ལྟ་ཞིབ་ཚད་འཇལ་བྱས་མཐར། ལོ་རེའི་ཁྲུང་ཁྲུང་སྐྱ་བོ་ཡི་གནས་སྤོར་དུས་ཚོད་དང་ལམ་ཐིག རིགས་རྒྱུད་ཀྱི་གྲངས་ཀ་བཅས་ནི་ལྟོས་བཅས་སུ་བརྟན་འཇགས་ཡིན་ཚུལ་ཤེས་ཡོད།

          ཁྲུང་ཁྲུང་སྐྱ་བོ་ནི་བྱ་རིགས་ཆེ་གྲས་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་གཉིས་གཙོ་གནད་སྲུང་སྐྱོབ་ཀྱི་སྲོག་ཆགས་རིགས་ལ་གཏོགས། འཛམ་གླིང་དུ་ཁྲུང་ཁྲུང་རིགས15ཡོད་པའི་ནང་དུ། ཁྲུང་ཁྲུང་སྐྱ་བོའི་གཟུགས་བོངས་ནི་འབྲིང་ཙམ་ཡིན་ཞིང་། སྤུ་མདོག་ནི་སྐྱ་བོ་དང་། པྲོག་ཟེའི་མདུན་རྒྱབ་ནི་ནག་པོ་དང་དཀྱིལ་ནི་དམར་པོ། ངོ་གདོང་གི་ལོགས་གཉིས་ནི་དཀར་སྐྱའི་མདོག་བཅས་ཡིན། མཆུ་ཏོ་ནི་རལ་གྲི་ཐུང་ངུ་ཞིག་དང་འདྲ་ལ། སྐེ་ཚིགས་དང་རྐང་པ་གཉིས་རིང་བ་དང་། སྐམ་ས་དང་རླན་ས་རུ་རྩི་ཤིང་རིགས་ཀྱི་ཁ་ཟས་འཚོལ་བ་ཡིན།

          ཁྲུང་ཁྲུང་སྐྱ་བོ་འཕུར་དུས། རྒྱུན་ལྡན་དུ་རྒྱ་ཡིག་གི་ཡིག་འབྲུ“人”དབྱིབས་སམ་ཡང་ན“一”དབྱིབས་ལྟ་བུ་ཡིན་ཞིང་། འཕུར་སྐྱོད་རྣམ་པ་ལེགས་ཤིང་གཤོག་ཟུང་རྡེབ་ཚུལ་དལ་ཞིང་ཤུགས་ལྡན་པ་དང་། རླུང་ཤུགས་ཀྱིས་འཕུར་བ་ལ་ཧ་ཅང་མཁས། ཁྲུང་ཁྲུང་སྐྱ་བོ་ནི་གཙོ་བོ་ཨེ་ཤ་ཡ་དང་ཡོ་རོབ་གླིང་སྐམ་ས་ཆེན་པོ་གཉིས་སུ་ཡོད་ཅིང་། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ(IUCN)གྱིས་ཡོངས་བསྒྲགས་བྱས་པ་ལྟར་ན། འཛམ་གླིང་དུ་ཁྲུང་ཁྲུང་སྐྱ་བོའི་རིགས་རྒྱུད་ཀྱི་གྲངས་ཀ་ཁྲི50ལས་མེད་པ་རེད།

          པེ་ཅིང་ནགས་ལས་སློབ་ཆེན་གྱི་ཁྲུང་ཁྲུང་རིགས་ཞིབ་འཇུག་གི་ཆེད་མཁས་པའམ་དགེ་རྒན་ཆེན་མོ་ཀུའོ་ཡུས་རྨིན་གྱིས་ལོ་མང་རིང་ལ་ཞིབ་འཇུག་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནས་བཟུང་། ཞིང་ལས་ཐོན་སྐྱེད་བརྟན་འཇགས་ཡིན་པ་ལས། འཛམ་གླིང་གི་ཁྲུང་ཁྲུང་སྐྱ་བོའི་རིགས་རྒྱུད་གྲངས་ཀ་བསྟུད་མར་ཇེ་མང་དུ་སོང་ཡོད་པ་དང་། བྱ་ཁྱུའི་ནང་གི་བྱ་ཕྲུག་བསྡུར་ཚད་ཀྱང་ཁྲུང་ཁྲུང་རིགས་གཞན་པ་དང་བསྡུར་ན་ཅུང་མཐོ་བ་རེད།

          ཉེ་བའི་ལོ་ཤས་ནས་བཟུང་། རང་ཞིང་གིས་ནུས་ཤུགས་ཆེན་པོའི་ངང་རི་ཆུ་ནགས་རྩྭ་ཞིང་མཚེའུ་བྱེ་ཐང་འཁྱགས་ཀླུང་བཅས་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པའི་ཞོར་དུ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། འཚོ་གནས་ས་ཆ་བཅས་ཀྱི་བརྟག་དཔྱད་དང་ལྟ་ཞིབ་ཚད་འཇལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་ཁྱབ་ཚུལ་མུ་མཐུད་དུ་ཇེ་མང་དང་ཇེ་ཆེར་ཕྱིན་ཡོད་སྟབས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་གི་མིང་བྱང་སྐད་གྲགས་ལྡན་པ་ཞིག་ཏུ་གྱུར་ཡོད། 
རྩོམ་སྒྲིག་པ། བསྟན་ཆོས།