ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

མཚོ་སྙིང་མ་ཧཱ་དེ་ཝ་དང་འདྲེ་མོ་བྲག་དཀར།

སྤེལ་དུས 2022-04-18 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།

མཚོ་སྔོན་པོ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          རྒྱང་རིང་ནས་བལྟས་ན། མཚོ་སྔོན་པོ་དང་དགུང་སྔོན་དབྱིངས་གཉིས་འབྲེལ་བའི་མཚམས་སུ། བྱ་གླིང་དང་མཉམ་དུ་མཐའ་མཚུངས་ཟུར་གསུམ་མའི་རྣམ་པ་ལྟར་གྲུབ་པའི་གླིང་ཕྲན་གཉིས་ཡོད་ཅིང་། དེ་གཉིས་ནི་མཚོ་སྙིང་མ་ཧཱ་དེ་ཝ་དང་བྲག་རྡོའི་གླིང་ཕྲན་འདྲེ་མོ་བྲག་དཀར་ཞེས་པ་ཡིན།
          བྱ་གླིང་དང་མཚོ་སྙིང་མ་ཧཱ་དེ་ཝ། འདྲེ་མོ་བྲག་དཀར་བཅས་གསུམ་གྱི་བར་ཐག་ལ་སྤྱི་ལེ20ཙམ་ལས་མེད་སྟབས། དེ་ཚོ་ནི་བྱ་གླིང་གི་ཕྱིར་སྐྱེད་ཙམ་ཡིན་ཞིང་། བྱ་རིགས་རྣམས་གླིང་ཕྲན་དེ་གསུམ་གྱི་ནང་གི་གང་རུང་དུ་འཕུར་ནས་བྱ་ཕྲུག་གསོ་བའི་གནས་མཆོག་ཅིག་ཏུ་གྱུར་ཡོད། མི་ཁ་ཤས་ཀྱིས་དེ་ཚང་མ་ཡང་བྱ་གླིང་གི་ཁྱབ་ཁོངས་ཡིན་པར་བཤད།

རྒྱང་རིང་ནས་མཐོང་བའི་འདྲེ་མོ་བྲག་དཀར། པར་རིས་མཚོ་ཤར་ཉིན་རེའི་ཚགས་པར་ལས་དྲངས།
          འདྲེ་མོ་བྲག་དཀར་ནི་རྡོ་ཐལ་རྡོ་དང་ཆུ་འོག་བྲག་རྡོ་བདུན་ཙམ་ལས་གྲུབ་ཅིང་། མཚོ་ངོས་སུ་མཐོང་བ་ནི་བྲག་རྡོ་གསུམ་ལས་མེད། གནམ་ངོ་དྭངས་ཤིང་གསལ་བའི་སྐབས། མཚོ་ནང་གི་གླིང་ཕྲན་སྟེང་ངམ་ཡང་ན་མཚོ་སྔོན་པོའི་ལྷོ་ངོགས་སུ་སྐྱོད་པ་གང་ཞིག་ཡིན་རུང་། འདྲེ་མོ་བྲག་དཀར་ཞེས་པའི་མཚོ་ནང་གི་བྲག་རྡོའི་གླིང་ཕྲན་འདི་མཐོང་ཐུབ། གླིང་ཕྲན་ཐོག་ཏུ་ཕུར་ནག་སོགས་ཆུར་གནས་རྩི་ཤིང་རིགས་འགའ་སྐྱེས་ཡོད་ནའང་། སྔར་བཞིན་བྱ་ཚོགས་ཀྱི་དག་ཞིང་ལྟ་བུ་ཡིན།
          མཚོ་སྙིང་མ་ཧཱ་དེ་ཝ་ལ་མཚོ་སྙིང་ཞེས་ཀྱང་འབོད་ཅིང་། དེ་ནི་མཚོ་སྔོན་པོའི་ལྟེ་བ་ཡི་ལྷོ་ཕྱོགས་མཚམས་སུ་ཡོད་པ་དང་། འཛེང་རྡོ་དང་བྲག་རྡོ་དཀར་ནག་འདྲེས་མ་ཡིས་གྲུབ་པའི་སྒོང་དབྱིབས་ཀྱི་གླིང་ཕྲན་ཞིག་ཡིན། མཚོ་སྙིང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ2.3ཙམ་དང་ཆ་སྙོམས་ཞེང་ཚད་ལ་སྤྱི་ལེ0.8ཙམ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1.84ཙམ། མཚོ་འཕགས་ཆེས་མཐོ་བ་ལ་སྨི3266ཙམ་བཅས་ཡོད། བྲག་རྡོའི་མ་གཞི་ནི་འཛེང་རྡོ་དང་བྲག་རྡོ་དཀར་ནག་འདྲེས་མ་ཡིན་ཞིང་། ཁ་དོག་ནི་འོ་མའི་མདོག་དང་འདྲ་བ་ཡིན།
          མཚོ་སྙིང་གི་ལྷོ་མཐའ་ནི་བྲག་རྡོ་ལས་ཆགས་པའི་གཡང་གཟར་ཡིན་ཞིང་། མིའི་རིགས་བགྲོད་དཀའ། གཞན་ཤར་དང་ནུབ། བྱང་བཅས་ནི་ངོས་སྙོམས་པའི་འགྲམ་ངོགས་ས་ཆ་ཡིན། མཚོ་སྙིང་གི་ས་ཆ་མང་ཤོས་བྱེ་མས་ཁེངས་ནའང་། མཚོ་འགྲམ་དུ་མཐོང་བའི་རྩི་ཤིང་རིགས་མང་པོ་སྐྱེས་ཡོད། གཞན་ད་དུང་། རི་ཙོང་དང་རྩྭ་གྲོ་སྙེ་སོགས་ཀྱི་རྩྭ་རིགས་མང་སྟབས། ཟླ་བདུན་པ་དང་བརྒྱད་པའི་སྐབས། རྩྭ་ཆུ་འཛོམས་ཤིང་མེ་ཏོག་རྣམ་པར་བཀྲ་བ་ཡིན།
          མི་ཚང་མ་ཡ་མཚར་དུ་འཇུག་པ་ཞིག་ལ། མཚོ་ཆུ་ཡིས་བསྐོར་བའི་མཚོ་སྙིང་ཤར་རྒྱུད་ཀྱི་མཚམས་སུ། ཚྭ་མེད་ཆུ་མིག་ཅིག་ཡོད་པ་ཡིན། ཆུ་མིག་འདིའི་དབང་གིས། ཆོས་པ་མང་པོ་གནས་འདིར་ཡོང་སྟེ་སྒྲིབ་སྦྱོང་བྱེད་བཞིན་ཡོད།

མཚོ་སྙིང་ཐོག་གི་དོང་ཆུ། པར་རིས་དྲ་བ་ལས་དྲངས།
          མཚོ་སྙིང་ཐོག་ན། ད་དུང་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་ཞིག་ཀྱང་ཡོད། གླིང་ཕྲན་འདི་ཡི་མི་དང་བྱ། ཉ་བཅས་ཞི་མཐུན་མཉམ་གནས་བྱས་ཡོད་དེ། དབྱར་ཁའི་སྐབས། བྱ་རིགས་མང་པོ་རིམ་པར་འཕུར་ཡོང་དུས། ཆོས་པ་ཚོ་ཁུ་སིམ་པོར་ཡོད་པའི་བྲག་རྡོ་ནང་བཞིན་ལྷིང་འཇགས་ངང་རི་རྩེའི་དགོན་པར་གནས་ཏེ་བྱ་ཚོགས་ལ་འཚེ་བའི་ལས་ཅི་ཡང་མི་བྱེད་པ་ཡིན། དགུན་ཁར། བྱ་རྣམས་ཕྱིར་འཕུར་བ་དང་། མཚོ་མོ་དར་གྱིས་བསྡམས་པའི་སྐབས། ཁོ་ཚོ་ད་གཟོད་མཚོ་འགྲམ་གྱི་གྲོང་ཚོར་ཕྱིན་ཏེ་འཚོ་བའི་མཁོ་ཆས་ཉོ་སྒྲུབ་བྱེད་པ་ཡིན།

མཚོ་སྔོན་པོ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          མཚོ་སྔོན་པོ་ནི་མཚོ་འཕགས་སྨི3000ལྷག་ཡོད་པའི་མཐོ་སྒང་གི་གཞོང་ས་ཞིག་ཏུ་ཡོད་སྟབས། དོན་དམ་པར་བཤད་ན། ས་ཆ་འདི་ན་དཔྱིད་ཀ་དང་དགུན་ཁ་ཡི་གནམ་གཤིས་ཁྱད་ཆོས་ཡོད་པ་མ་གཏོགས། དུས་ཚིགས་བཞི་ཡི་ཁྱད་ཆོས་མངོན་གསལ་དུ་མེད།
          དགུན་དུས་ཀྱི་མཚོ་སྔོན་པོ་ཡིས་ང་ཚོ་ལ་བཞག་པ་ནི་མུ་མཐའ་མེད་པའི་སྲ་གཟུགས་ཀྱི་མཛེས་པ་ཞིག་དང་དྭངས་གཙང་གི་མཛེས་པ་ཞིག ལྷིང་འཇགས་ཀྱི་མཛེས་པ་ཞིག་ཡིན། 
རྩོམ་སྒྲིག་པ། བསྟན་ཆོས།