ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

ས་ཆ་འདི་རུ་རྩྭ་རྐང་གཅིག་མི་སྐྱེས་ཀྱང“ཤ་མོ”མང་པོ་ཡོད།

སྤེལ་དུས 2022-06-20 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          “འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་པའི་མདོ་དབུས་མཐོ་སྒང་དུ། ཤ་མོའི་རིགས་སྣ་ཚོགས་ཡོད་པ་སྟེ། དཔེར་ན་དུག་ཡོད་པ་དང་མེད་པའི་ཤ་མོའི་རིགས་དང་། དུང་ཆེན་དབྱིབས་དང་རྟ་རྨིག་དབྱིབས་ཀྱི་ཤ་མོའི་རིགས་སོགས་མང་པོ་ཡོད། ཡིན་ནའང་། དེ་རིང་ང་ཚོས་མཚམས་སྦྱོར་བྱས་པ་ནི“ཤ་མོའི་རིགས”གཞན་པ་ཞིག་ཡིན་ཞིང་། དེ་ཚོ་ནི་མཐའ་འཁོབ་ཀྱི་རྩྭ་རྐང་གཅིག་མི་སྐྱེས་ཤིང་། འགྲིམ་འགྲུལ་སྟབས་མི་བདེ་བའི་ས་ཆ་ན་ཡོད་ཀྱང་། ཚོན་མདོག་རྣམ་པར་བཀྲ་ཞིང་བརྗིད་ཉམས་ལྡན་ལ། རང་བྱུང་ལྷུན་ཆགས་སུ་སྣང་ཡོད།
 

པར་རིས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ལས་དྲངས།
          གཅིག ས་ཆ་གང་ན་ཡོད་དམ།
          བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་བྱང་རྩེ་ཞང་གི་ཁོངས་གཏོགས་ཀྱི་ཞ་ཡེ་ལུང་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ5ཙམ་ཡོད་པ་དང་། གཡས་གཡོན་དུ་ལུང་ཆུང་བཅུ་ལྷག་ཡོད་ཅིང་། ལུང་པའི་ནང་དུ་གཟུགས་དབྱིབས་སྣ་ཚོགས་ཀྱི“ཤ་མོ”མང་པོ་ཡོད།

པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          གཉིས། ཇི་ལྟར་གྲུབ་པ་ཡིན་ནམ།
          གྲུ་རི་ནི་ས་ངོས་རིམ་པ་བཞི་པའི་མཚེའུ་དང་གཙང་པོའི་ས་འདམ་དང་བྱེ་མ། རྡོ་ཧྲུག་བཅས་ཀྱི་དིམ་བསགས་དངོས་པོ་སྤུངས་པ་དེ་སྐམ་གཤིས་ཆེ་བའི་གནམ་གཤིས་ཁོར་ཡུག་ཁྲོད་དུ་དུས་ཚིགས་རང་བཞིན་གྱི་ཆར་ཆུས་ཟད་པ་སོགས་ལས་གྲུབ་པ་ཡིན། ཡུལ་འདིའི་གྲུ་རིའི་མཐིལ་ངོས་ནི་རྡོ་ཧྲུག་དང་ས་སེར་ཡིན་ཞིང་། རྩེ་མོ་ནི་ལྕགས་རིགས་འདུས་པའི་གཏེར་དངོས་ཀྱི་རིམ་པ་ཡིན། རླུང་གིས་ཟད་རྗེས། སྲ་བའི་ལྕགས་ཞྭ་ལྟ་བུར་གྱུར་ནས་འོག་རོལ་གྱི་ས་སེར་དང་རྡོ་ཧྲུག་ལ་སྲུང་སྐྱོབ་བྱས་ཏེ་ཆར་ཆུས་ཟད་པའི་ཤུགས་ཇེ་ཆུང་དུ་གྱུར་པ་ལས་མཆོད་རྟེན་དང་ཀ་བའི་དབྱིབས་ལྟ་བུའི་གྲུ་རི་ཆགས་ཡོད།

པར་རིས་མི་དམངས་དྲ་བ་ལས་དྲངས།
          དུས་ཡུན་རིང་པོ་ལ་རླུང་གིས་ཟད་པའི་དབང་གིས། ཞ་ཡེ་ལུང་པའི་གྲུ་རིའི་ས་དབྱིབས་ཆགས་ཚུལ་ལ“ཤ་མོའི་དབྱིབས”དང་འདྲ་བའི་ངོ་མཚར་མཛེས་ལྗོངས་ཤིག་ཆགས་ཡོད་དེ། ཆགས་དབྱིབས་སུ་མི་དང་ཉ། རུས་སྦལ། ཕྱི་བ། སྦལ་བ། བྱ་རིགས་སོགས་ཡོད་པ་དང་། གཏེར་རྡོའི་གྲུབ་ཆ་མང་པོ་འདུས་སྟབས། ད་དུང་སེར་པོ་དང་དམར་པོ། སྔོན་པོ་བཅས་ཀྱིས་གཙོས་པའི་ཁ་དོག་ཀྱང་སྣང་ཞིང་། ཉི་འོད་འཕྲོས་ཚེ། གྱ་གྱུ་ལྟར་གནས་ཤིང་ཚོན་མདོག་རྣམ་པར་བཀྲ།

པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          གསུམ། རྣམ་པ་གང་དག་ཡོད་དམ།
          རྣམ་པ་ལ་གྲུ་རི་དམར་པོ་དང་གྲུ་རི་སེར་པོ། གྲུ་རི་དཀར་པོ། ཚོན་ལྡན་གྲུ་རི་བཅས་ཡོད་དེ། ས་ངོས་ཆགས་ཚུལ་དང་ཚན་ཆུང་། འཕེལ་རྒྱས་དུས་རིམ་ལྟར་དབྱེ་ན། ལུང་ཆུང་ཞོག་མྱུག་ལྟ་བུ་དང་། ཟླུམ་གཞོང་ཀ་བ་ལྟ་བུ། ཁོད་ཆེའི་མཁར་རྫོང་ལྟ་བུ་ཡོད་ཅིང་། ཆགས་དབྱིབས་ལྟར་དབྱེ་ན། གཅུ་འབིགས་ཀྱི་དབྱིབས་དང་། མཁར་རྫོང་གི་དབྱིབས། རི་རྩེ་མང་པོའི་རྣམ་པ། མཁར་སའི་དབྱིབས། གངས་རིའི་རྣམ་པ་སོགས་ཡོད།

པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
          གྲུ་རི་ནི་ལོ་ངོ་ཆིག་སྟོང་དང་བརྒྱ་ཕྲག་ལྷག་གི་རིང་ལ་གྲུབ་པ་ཞིག་མིན་སྟབས། འདི་ཉིད་མེད་པར་འགྱུར་རྒྱུའང་དེ་འདྲའི་སླ་མོ་ཞིག་མིན། དུས་ཡུན་རིང་བའི་གྲུ་རི་མུ་མཐུད་དུ་འཇིགས་པའི་གནས་སུ་ལྷུང་རྗེས། ས་ཤུན་འགུལ་སྐྱོད་ཀྱི་མཚམས་མ་བཞག་པ་དང་ས་ཟད་ཆུ་ཤོར་གྱི་མཚམས་མ་ཆད་པ་ལས། རབས་གསར་བའི་གྲུ་རི་ཡང་བསྐྱར་གྲུབ་ངེས་ཡིན།

པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
          མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་གྲུ་རི་ཆགས་ནས་གྲུབ་པ་ལ་བཀག་འགོག་བྱེད་མི་ཐུབ་པར། དེ་ཡིས་དེ་ཉིད་རྒྱ་བསྐྱེད་པའི་གནས་ཚུལ་ཇེ་མགྱོགས་སམ་ཡང་ན་ཇེ་དལ་དུ་གཏོང་བ་ཁོ་ན་ཡིན། 
རྩོམ་སྒིག་པ། བསྟན་ཆོས།