ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

རིག་གནས་དམངས་ཕན་ཐབས་ཇུས་ལ་བརྟེན་ནས། གྲོང་ཁྱེར་གྲོང་གསེབ་ཁྱོན་ལ་ཞབས་འདེགས་ཞུས།

སྤེལ་དུས 2022-02-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་ལ་དམ་པོར་དམིགས་ནས། གསར་གཏོད་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་བཏང་ཐོག རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཕུལ་བྱུང་རིག་གནས་ཞིང་ནང་དང་མུ་ཁ། འབྲོག་ཁུལ་དང་རྩྭ་ར། གྲོང་ཁྱེར་དང་གྲོང་གསེབ་བཅས་སུ་ཁྱབ་གདལ་བཏང་བ་དང་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་གཞི་རིམ་ལ་བརྒྱུད་བསྒྲགས་བྱས་པ་རེད།
          “བར་ཐག་མེད་པའི”རིག་གནས་མཁོ་སྤྲོད་ཀྱི་གནད་སྨིན་ཞབས་འདེགས་ཞུས་པ།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་བོད་མིའི་འབྱུང་ཁུངས་ཀྱི་ཁྱད་ལྡན་རིག་གནས་སྔོག་འདོན་དང་། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་འདེགས་ཞུ་སྟངས་གསར་གཏོད་བཅས་ཟམ་མི་ཆད་པར་བྱས་ནས། སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”རིམ་བཞིན་བསལ་བ་རེད།
          གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རིག་རྩལ་ཚོགས་པ་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་སྡེ་ཁུལ་དང་། ཡུལ་གཞན་དུ་གནས་སྤོས་ས་ཚིགས། མཐའ་སྲུང་དཔུང་སྡེ། ཨར་ལས་བྱ་ཡུལ་སོགས་གཞི་རིམ་དུ་འཁྲབ་སྟོན་བྱེད་པར་བསྐྱོད་དེ་ཏང་གི་བསམ་བློ་གལ་ཆེན་དང་གཟིགས་སྐྱོང་སྲིད་ཇུས་གོ་བདེ་ཤེས་སླའི་བྱ་ཐབས་ཐོག་ནས་གཞི་རིམ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
          ལྷོ་ཁ་གྲོང་ཁྱེར་གྱི“རིམ་པ་བཞི་པའི”སྤྱི་པའི་རིག་གནས་སྒྲིག་གཞིར་འགོག་རྐྱེན་མེད་པར་འགྲོ་ཆོག་པ་དང་སྤྱི་པའི་བར་མཐོངས་སྒྲིག་བཀོད་ཁང་ཚང་མ་རིན་མི་དགོས་པར་སྒོ་ཕྱེ་ཡོད། རིམ་ཁག་སྤྱི་པའི་རིག་གནས་ཞབས་ཞུ་ཁང་གིས་གཟའ་འཁོར་རེར་རིན་མི་དགོས་པར་ཆུ་ཚོད་56སྒོ་དབྱེ་རྒྱུ་མཐའ་འཁྱོངས་བྱས་ནས་དཔེ་དེབ་ལྟ་ཀློག་དང་། དཔེ་ཀློག་ཁྱབ་གདལ། རིག་རྩལ་འཁྲབ་སྟོན། རོལ་རྩེད་བྱེད་སྒོ། དང་བླངས་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་སྤེལ་ཏེ། མང་ཚོགས་ལ་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་དང་ཞབས་ཞུ་ཁང་མཁོ་འདོན་གྱིས་སྤྱི་པའི་རིག་གནས་ཞབས་ཞུ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་རེད།
          ད་ཆ་ལྷོ་ཁ་གྲོང་ཁྱེར་གྱིས་བོད་ལྗོངས་ཀྱི་གྲངས་འཛིན་དཔེ་ཀློག་དང་། རང་བརྟེན་གཡར་སྤྲོད། སྒུལ་བདེའི་ཐོན་ཁུངས། དཔེ་དེབ་འཚོལ་ཞིབ་སོགས་སྣ་མང་གི་ལྟ་ཀློག་ཉམས་ལེན་གཞི་གཅིག་ཏུ་འདུས་པའི་ཆུ་ཚོད་24ཡི་རིང་དོ་དམ་བྱེད་མཁན་མེད་པའི“རིག་ནུས་དེབ་ཁང”ཐོག་མ་དེ་བསྐྲུན་ནས། དཔེ་དེབ་ཁང་གི་ཞབས་ཞུར“བར་ཐག་མེད་པ”དང་དེབ་གཡར་བ་དང་ལྟ་བར་བང་སྒྲིག་དགོས་ཀྱི་མེད་པ་རེད།
          ཚད་བརྒལ་རང་བཞིན་གྱི་སྒོ་ནས་དྲ་ཐོག་དང་དྲ་ཕྱིའི་བཀག་རྒྱ་བསལ་རྒྱུ་འཚོལ་ཞིབ་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་དྲ་ཐོག་གི་དཔེ་ཀློག་དང་དྲ་ཐོག་ལན་འདེབས་སོགས་ཀྱི་བྱེད་སྒོ་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། ལྷག་པར་དུ“ཨ་ཕོ་ལྷོ་ཁས”གཏམ་རྒྱུད་བརྗོད་པའི་དྲ་ཐོག་གི་བྱེད་སྒོ་ཡང་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ཕྱིར་སྐྱོད་མི་དགོས་པར་དྲ་ཐོག་ནས་སྤུས་ལེགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིགས་ཁག་གི་རིག་གནས་བྱེད་སྒོ་ཐེངས་9100ལྷག་ཙམ་སྤེལ་བར་རིམ་རྩིས་བྱས་ན་མི་ཐེངས་ཁྲི་90ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།
          “རོགས་སྐྱོར་དང་བྱ་དགའ་ཟུང་འབྲེལ”གྱིས་རིག་གནས་བརྩམས་ཆོས་སྤུས་དག་ལ་སྒུལ་ནུས་བསྣན་པ།
          རིག་རྩལ་ལས་དོན་པ་དང་རིག་རྩལ་ལ་དགའ་པོ་བྱེད་མཁན་དེ་བས་མང་བ་ཡུལ་དེའི་རིག་རྩལ་བརྩམས་ཆོས་གསར་རྩོམ་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འབྲེལ་ཡོད་ཀྱི《བྱ་ཐབས》བསྟུད་མར་བཏོན་ནས་ལོ་ལྟར་སྒོར་ཁྲི་120བཏང་སྟེ་རོགས་སྐྱོར་བྱ་དགར་སྤྱད་པ་དང་། ལོ་གསུམ་རེར་སྒོར་ཁྲི་80བཏང་ནས་དཔྱད་འདེམས་བྱེད་སྒོ་སྤེལ་ཏེ། རིག་རྩལ་བརྩམས་ཆོས་སྤུས་དག་110ལ་རོགས་སྐྱོར་བྱ་དགའ་སྤྲད་པས་རིག་རྩལ་གསར་རྩོམ་རྒྱུན་མཐུད་དར་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།
          བརྩམས་ཆོས་སྤུས་དག་འབོར་ཆེན་གྱི་སྐུལ་འདེད་འོག རིམ་ཁག་རིག་རྩལ་ལས་དོན་པས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་མང་ཚོགས་ལ་ངོ་མཚར་ཆེ་བའི་གཟིགས་མོ་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། བརྩམས་ཆོས་སྤུས་དག་གསར་རྩོམ་གྱི་རོགས་སྐྱོར་སྐུལ་ལྕག་ལམ་སྲོལ་གྱི་སྐུལ་འདེད་འོག་ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཐུན་མོང་མ་ཡིན་པའི་རིག་རྩལ་འཁྲབ་སྟོན་ཐེངས་3100ལྷག་ཙམ་དང་མང་ཚོགས་ཀྱི་བྱེད་སྒོ་ཐེངས་ཆིག་ཁྲི་ལྷག་ཙམ་སྤེལ་བ་དང་། ལྷག་པར་དུ་མང་ཚོགས་ཀྱི་ཐང་ཆེན་ཞབས་བྲོ་འགྲེམས་འཁྲབ་དང་། ཕུལ་བྱུང་གཞས་མ་གཏམ་འགྲེམས་འཁྲབ། “ཡར་ཀླུང་གི་སྤྱན་སྦིར”གྱི་དམངས་ཁྲོད་གཞས་པའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བརྒྱུད་རིགས་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཤེས་ལྡན་པའི་འཇོན་ཐང་མངོན་ཐུབ་པ་བྱུང་ཡོད།
          “མངགས་བཅོལ་གསོ་སྦྱོང”གི་བྱེད་སྒོ་སྤེལ་ནས་དཔུང་ཁག་འཛུགས་སྐྱོང་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ།
          ཡུན་ནན་ཁུན་མིང་དུ་ལྷོ་ཁ་གྲོང་ཁྱེར་ནས་ཡོང་བའི་ཞིང་འབྲོག་པའི་བུ་ཕྲུག་40ཡིས་རོལ་དབྱངས་དང་ཞབས་བྲོའི་སྦྱོང་བརྡར་བྱེད་བཞིན་ཡོད། ཁོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྒྱུ་རྩལ་ཚོགས་པས་ཡུན་ནན་ཞིང་ཆེན་སྒྱུ་རྩལ་སློབ་གླིང་དུ་མངགས་བཅོལ་གསོ་སྦྱོང་བྱེད་པར་བཏང་བའི་སློབ་གཉེར་བ་རེད།
          གསོ་སྦྱོང་གི་སྤུས་ཚད་སྔར་བས་ལེགས་སུ་བཏང་སྟེ་འཁྲབ་སྟོན་པའི་དབར་གྱི་མཐུན་ཆོས་གསོ་སྐྱོང་བྱ་ཆེད།“མངགས་བཅོལ་གསོ་སྦྱོང”དེ་ལྷོ་ཁ་གྲོང་ཁྱེར་གྱི་རིག་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་ཀའི་རྣམ་པ་ཞིག་ཏུ་གྱུར་ཡོད།
          ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྒྲིག་གཞིའི་སྒྲིག་ཁོངས་དང་། གསོ་སྐྱོང་སློབ་གསོ། ས་ཁོངས་སྤེལ་རེས་སོགས་མཐུན་སྦྱོར་གྱི་བྱེད་ཐབས་བརྒྱུད་ཤེས་ལྡན་པའི་གསོ་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་རིག་གནས་ཁང(ས་ཚིགས)གི་བྱ་གཞག་སྒྲིག་ཁོངས་562ཟིན་པ་དང་། མི་སྣ་700ལྷག་ཙམ་བཀོད་སྒྲིག་བྱས་པར་སྤྱོད་ཡོན་གཉིས་ལྡན་དང་། བློ་རྩ་བརྟན་པོས་གསར་གཏོད། གྲུབ་ཆ་ལུགས་མཐུན་བཅས་ཀྱི་རིག་གནས“དམག་དཔུང་སྟོབས་ལྡན”ཞིག་ཐོན་བཞིན་ཡོད་པ་རེད།
          རིག་གནས་ཀྱི་གྲུབ་འབྲས་ལས་ཚོགས་སྤྱི་ཁག་ལ་སྔར་བས་ཕན་པ་འདོགས་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་རྒན་རྒོན་སྒྱུ་རྩལ་ཚོགས་པ་དང་། དབང་སྐྱོན་སྒྱུ་རྩལ་ཚོགས་པ། ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པ་བཅས་བཙུགས་ནས་དམངས་ཁྲོད་བྲོའི་རུ་ཁག་9དང་དམངས་ཁྲོད་ལྷ་མོའི་རུ་ཁག་34སླར་གསོ་བྱས་ཡོད།
          མིག་སྔར་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། ལྷོ་ཁ་གྲོང་ཁྱེར་དུ“ཁང་གསུམ་དང་། ཁང་གཉིས། ཐང་ཆེན་གཅིག”བཅས་ཀྱི་འཛུགས་སྐྲུན་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ། རྫོང(ཆུས)ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་12དང་། ཤང(གྲོང་རྡལ)ཕྱོགས་བསྡུས་རིག་གནས་ས་ཚིགས་82བསྐྲུན་པ་དང་། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་དང་ཞིང་པའི(དགོན་སྡེ)དཔེ་དེབ་ཁང་ཁྱབ་ཚད་100%ཟིན་ཏེ། “སྒྲོམ་སྟེགས་གཅིག་དང་། ཐང་ཆེན་གཉིས། ཆེད་སྒྲོམ་གསུམ། ཁང་བཞི”བཅས་གཞི་གཅིག་ཅན་གྱི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་གྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།