ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དམངས་ལ་ཕན་པ་བསྐྲུན་པ།

སྤེལ་དུས 2022-02-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            སྟག་ལོའི་ལོ་གསར་པར་ས་གནས་ཁག་གི་རིག་རྩལ་ལས་དོན་པ་གཞི་རིམ་དུ་བསྐྱོད་དེ་བརྩེ་སེམས་ཟབ་མོས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་རིག་རྩལ་བྱེད་སྒོ་སྤེལ་ནས། གཞི་རིམ་མང་ཚོགས་དང་མཉམ་དུ་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་བཏང་བ་རེད།
            དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་ལྷ་མོའི་གྲོང་ཚོ་དང་པོ་ཞེས་འབོད་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ“རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ། བརྙན་ལམ་ཐད་གཏོང་བྱས་ནས་ཕ་ཡུལ་ལ་ལོ་གསར་གཏོང”ཞེས་པའི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་གར་གཉེར་བ་རེད། འཁྲབ་སྟོན་གྱི་ལེ་ཚན་མང་པོའི་ནང་ནས་ལྷ་མོར་དགའ་བསུ་ཆེན་པོ་ཐོབ་ཡོད། དེའི་ནང་ཡར་ཀླུང་བཀྲ་ཤིས་ཞོལ་པ་ལྷ་མོའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉི་མ་ཚེ་རིང་གི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལས། ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་པོར་གྱུར་ཡོད།
            ལོ་51ལ་སླེབས་པའི་ཉི་མ་ཚེ་རིང་གིས་ལྷ་མོའི་ལས་ལ་གཞོལ་ནས་ལོ་30ལྷག་ཙམ་སོང་ཞིང་། ལོ་ལྟར་གོ་སྐབས་ཡོད་ཚེ་ཁོང་གིས་ཞིང་འབྲོག་ཁུལ་དུ་འཁྲབ་སྟོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁོང་དང་ལྷ་མོ་མཁས་ཅན་གཞན་དག་གི་ལོ་མང་རིང་གི་སྲུང་སྐྱོང་དང་འབད་བརྩོན་འོག ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་བོད་ཀྱི་ཡར་ཀླུང་རིག་གནས་དུས་ཆེན་དང་ཡར་ཀླུང་ཚོང་འདུས་སོགས་དུས་ཆེན་དང་རྟེན་འབྲེལ་གྱི་འཁྲབ་སྟོན་རྣམ་གྲངས་གལ་ཆེན་ཞིག་ཏུ་གྱུར་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་དེ་བས་གྱུར་ཡོད།
            ཉི་མ་ཚེ་རིང་དང་མི་འདྲ་བར་ལོ་44ལ་སླེབས་པའི་བློ་བཟང་བཀྲ་ཤིས་ཀྱིས་ད་དུང་དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་ཚན་ཁག་གཅིག་བསྐྱར་སྒྲིག་གི་ལས་འགན་འཁུར་དགོས་ཀྱི་ཡོད། སྐྱོར་མོ་ལུང་ལྷ་མོ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་བཀྲ་ཤིས་ཀྱིས་ལྷ་མོའི་ལས་ལ་གཞོལ་ནས་ལོ་32འགྲོ་ཡི་ཡོད། འདི་ལོའི་ལོ་འགོར་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གནས་གསར་ལྷ་མོ་ཚོགས་པའི་རྒྱུན་གཏན་གྱི་དམངས་ཁྲོད་འཁྲབ་སྟོན་འགན་ལེན་བྱེད་ཆེད། བློ་བཟང་བཀྲ་ཤིས་ཀྱིས་རླངས་འཁོར་བཏང་ནས་དེ་གར་ཟླ་གཅིག་ཙམ་བསྡད་དེ་ལྷ་མོ་འཁྲབ་མཁན་20ལྷག་ཙམ་ལ་འཁྲབ་ཚན་ཧུར་ཐག་བསླབས་པ་རེད། བློ་བཟང་བཀྲ་ཤིས་ཀྱི་ཡུན་རིང་འབད་བརྩོན་འོག་སྔ་རྗེས་སུ་དམངས་ཁྲོད་ལྷ་མོ་ཚོགས་པ་བདུན་བརྒྱད་ཙམ་གྱི་དཔྱད་ཞིབ་ལམ་ལྷོངས་བྱུང་བ་མ་ཟད། གར་སྟེགས་སུ་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་མི་སེར་གྱིས་ལྷ་མོ་ལྟ་བའི་དགོས་མཁོ་འགན་ལེན་བྱས་ཡོད།
            “ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འདོར་མི་རུང་ལ། ད་དུང་དེའི་རིན་ཐང་དེ་བས་ཆེ་བ་འདོན་ཐུབ་པར་བྱེད་དགོས”ཞེས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་དབན་ཧྲན་ཆུས་ཏན་ཏུའུ་ཁྲོམ་གཞུང་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ལུང་ཧྲེང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལི་ཞུའེ་མེ་ཡིས་བཤད། ལུང་ཧྲེང་སྡེ་ཁུལ་དུ་ཐུང་རེན་གྲོང་ཁྱེར་སུང་ཐའོ་མེའོ་རིགས་རང་སྐྱོང་རྫོང་དང་སི་ནན་རྫོང་སོགས་ནས་སྤོས་པའི་གནས་སྤོས་མང་ཚོགས་ཁྲི་1ལྷག་ཙམ་བཀོད་སྒྲིག་བྱས་པའི་ནང་ཐུའུ་ཅ་རིགས་དང་མེའོ་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ཕྱེད་ཀ་ཙམ་བཟུང་ཡོད།
            གྲོང་ཁྱེར་དུ་སྤོས་ཀྱང་གནས་སྤོས་མང་ཚོགས་ཀྱི་རིག་གནས་དང་སྲོལ་རྒྱུན་དོར་མེད། “དཔྱིད་གསར་དུས་ཆེན་རིང་གནམ་གཤིས་དྲོ་པོ་ཡོད་ཕྱིན། མེ་ཏོག་གློག་སྒྲོན་རུ་ཁག་གི་རུ་མི་བཅུ་ལྷག་ཙམ་གྱིས་སྡེ་ཁུལ་གྱི་ཐང་ཆེན་དུ་མེ་ཏོག་གློག་སྒྲོན་ཞབས་བྲོ་འཁྲབ་སྟེ། སྟག་ལོར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོ་གྲོང་མི་གསར་པ་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཧུར་ཐག་བྱས་ནས་རིག་གནས་ལ་བརྟེན་ཏེ་དམངས་ལ་ཕན་པ་སྐྲུན་པའི་ཆུ་ཚད་མཐོ་རུ་གཏོང་གི་ཡིན”ཞེས་ཕ་ཡུལ་སི་ནན་རྫོང་ནས་ཡིན་པའི་ཐུའུ་ཅ་རིགས་ཀྱི་མེ་ཏོག་གློག་སྒྲོན་རུ་ཁག་གི་རུ་དཔོན་ཝང་ཅེ་ཡིས་བཤད།