ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

གཟི་བརྗིད་ཞི་བདེའི་བྱ་གཞག་ཆེད། རིན་བྲལ་ལང་ཚོ་སྐྱེས་སུ་འབུལ།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུཌ་ནས་ལོ་ངོ་100འཁོར་བའི་སྐབས་སུ་ལེ་པ་ནོན་གྱི་ལྷོ་རྒྱུད་ཀྱི་ཐིར་གྲོང་ཁྱེར་ཧྲ་མ་གྲོང་ཚོའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྒར་ཁུལ་དུ་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་འཛུགས་སྐྲུན་ཨར་ལས་དམག་ཡན་ལག་རུ་ཁག་ཁག་20པའི་དཔོན་དམག་ཚོས་ཞྭ་མོ་པེ་ལེ་གྱོན་པ་དང་སྐར་ལྔའི་དར་དམར་གྱི་དཔུང་རྟགས་བསྒར་བའི་སྐར་ཚོགས་མིག་འཁྲུལ་གྱོན་གོས་གྱོན་ཞིང་། ཨང་ཀི“100”དབྱིབས་ཀྱི་རུ་སྟར་བསྒྲིགས་ནས་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆར་ཁ་ཕྱོགས་ཏེ་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག
  “མེས་རྒྱལ་དང་བར་ཐག་ལེ་དབར་ཁྲི་ཕྲག་ཆོད་ཀྱང་སྐར་ལྔའི་དར་དམར་མཐོང་རིམ་བཞིན་ངར་སྤོབས་པ་སྐྱེ་གི་འདུག ངས་ཐོག་མཐའ་བར་གསུམ་དུ་ཞི་བདེ་སྲུང་སྐྱོང་གི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་འཛམ་གླིང་གི་མདུན་དུ‘ཀྲུང་གོའི་མིང་བྱང’གསལ་པོར་མངོན་པ་བྱ་རྒྱུ་ཡིན”ཞེས་བྱེད་སྒོའི་ཁྲོད་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲེན་ཅ་ལེས་སེམས་འགུལ་ཐེབས་བཞིན་བཤད།
  དམ་བཅའ་བཞག་ཟིན་རྗེས་ཡན་ལག་རུ་ཁག་གི་སློབ་སྟོན་པ་ཀྲའོ་ཅན་ལེས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་འགན་འཁྲི་དང་ལས་འགན་དང་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཟུང་འབྲེལ་བྱས་ཏེ་དཔོན་དམག་ཚོར་སློབ་གསོ་དང་སྒྲོག་འགྲེལ་བྱས་པས་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། “གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ངོས་ནས་སྐབས་དེ་དུས་ངར་རང་ཉིད་ཀྱི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་སློབ་གྲྭ་ཆེ་མོ་བའི་དམག་མི་ཐའོ་ཧྲོའེ་ཡིས་བཤད། ཁོང་གིས“ལང་ཚོའི་སེམས་པ་ཏང་ལ་ཕྱོགས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་། དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་གཅིག་ཏུ་བསྡུས་ནས་ལས་དོན་སྒྲུབ་འགོ་ཚུགས་པའི་དར་ཆ་སྒྲེང”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ཐོག་རང་ཉིད་ཀྱི་མིང་གཟབ་ནན་ངང་བྲིས།
  ཉིན་དེར། ཡན་ལག་རུ་ཁག་གིས་ད་དུང“ཕུགས་འདུན་དོན་གཉེར་དང་ཞི་བདེ་ཡོང་བའི་ཆེད་ལང་ཚོ་མངོན་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོའི“རྨོག་ཞྭ་སྔོན་པོའི་གཏམ་རྒྱུད་འདུ་ཚོགས”ཀྱི་བྱེད་སྒོ་སྤེལ་བ་རེད། ལས་གནས་ཁག་ནས་ཡོང་བའི་ན་གཞོན་དཔོན་དམག་གི་འཐུས་མི་10ཡིས་མི་སྒེར་གྱི་འཚར་ལོངས་བརྒྱུད་རིམ་དང་ཉེ་འགྲམ་གྱི་དཔེ་མཚོན་གཏམ་རྒྱུད་གླེང་བས་ས་གནས་ས་ཐོག་གི་དཔོན་དམག་ཚོའི་དགའ་བསུ་ཐོབ་པ་རེད།
  ཡན་ལག་རུ་ཁག་གི་ཆབ་སྲིད་ལས་དོན་གྱི་གཙོ་འགན་འཁུར་མཁན་ཏུའུ་ཤིན་ཁེས“གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། ཀྲུང་གོ་གུང་གཞོན་སྡེ་ཚོགས་ཀྱི་ལོ་བརྒྱའི་འཚར་ལོངས་ལོ་རྒྱུས་དང་འབད་འཐབ་ལོ་རྒྱུས་ཀྱིས་ང་ཚོའི་རྒྱ་ཆེའི་གཞོན་ནུ་དཔོན་དམག་ཚོར་སྐུལ་ལྕག་བྱེད་བཞིན་ཡོད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་བཙུགས་ནས་ལོ་ངོ་100འཁོར་བའི་ལོ་རེད། ཕྱི་རྒྱལ་དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་བཞིན་པའི་དཔོན་དམག་གི་ངོས་ནས་བརྗོད་ན་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་དང་འགན་འཁྲི་དང་ལེགས་སྐྱེས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད”ཅེས་བཤད།
  མུན་རུབ་ནས་ཉིན་གཅིག་གི་ལས་སྒྲུབ་ལས་འགན་མཇུག་འགྲིལ་བའི་སྐུ་སྲུང་པན་གྱི་འཐབ་འཛིང་པ་ཝང་ཀོང་ལིན་གྱིས་ཞི་བདེ་སྲུང་སྐྱོང་གི་ཉིན་ཐོའི་ནང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་ནི་གཟི་བརྗིད་དང་བླ་ན་མེད་པའི་བརྗོད་དོན་གཙོ་བོ་ཞིག་ཡིན་ལ་ཁྲག་དྲོན་དང་དྲང་བདེན་གྱི་བྱ་སྤྱོད་ཅིག་ཀྱང་ཡིན་པས་རང་ཉིད་དེའི་ཁྲོད་ཀྱི་ཁོངས་མི་ཞིག་ཏུ་གྱུར་པ་དེ་ནི་གཟི་བརྗིད་ཅིག་ཡིན་ཞེས་བྲིས་ཡོད།