ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པར་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2022-09-07 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་གི་དུས་ཚོད་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཙམ་ལ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་16ཟིན་གྱི་ཡོད་པ་རེད། མིག་སྔའི་བར་ས་ཡོམ་ཁྲོད་མི་21རྐྱེན་ལམ་དུ་ཤོར་བ་དང་། མི་30ལྷག་ཙམ་ལ་རྨས་སྐྱོན་ཕོག་པ། ཆུ་དང་། གློག འགྲིམ་འགྲུལ། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།
  ས་ཡོམ་བརྒྱབ་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་སི་ཁྲོན་དཀར་མཛེས་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། དེར་བརྟེན་མི་སྣ་མྱུར་སྐྱོབ་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ས་ཡོམ་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་བྱས་ཏེ་གནོད་འཚེ་ཕོག་མཁན་མང་ཚོགས་ཉེན་གཡོལ་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འཕྲལ་སྡོམ་དོ་དམ་པུའུ་སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་སི་ཁྲོན་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངག་དགོས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ཀྱིས་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། དུས་ཚོད་དམ་འཛིན་གྱིས་གནོད་འཚེའི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་ཐོན་གནོད་འཚེ་འགོག་རྒྱུར་དོ་སྣང་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། གཏོར་སྐྱོན་ཕོག་པའི་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་བཟོ་བཅོས་རྒྱག་པ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ཀྱི་ཡོམ་འགོག་གེགས་སེལ་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།
  ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་འཕྲལ་སྡོམ་དོ་དམ་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་གེགས་སེལ་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད་པ་རེད། སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཀྲོའུ་ཡིས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གེགས་སེལ་ལས་དོན་སྤེལ་བཞིན་ཡོད་པ་དང་འབྲེལ་གུར་དང་། སྲིང་བལ་ཉལ་ཆས། ཉལ་ཁྲི་ལྟེབ་བརྩེགས་མ་སོགས་གེགས་སེལ་དངོས་ཟོག་ཛ་དྲག་ངང་གེགས་ཁུལ་དུ་དབོར་ཡོད་པ་རེད། ད་ལྟ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་སྒང་རེད།
རྩོམ་སྒྲིག་པ། སངས་སྐྱབས།