ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སྐོར་གྱི་ཤེས་བྱ།

སྤེལ་དུས 2022-05-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཟླ12པའི་ཚེས24ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་ཏུ་《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། 2022ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས། 
          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྔོན་འགོག་དང་དེ་ལ་ཉེས་ཆད་གཅོད་པ། སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ། དཔལ་འབྱོར་གྱི་སྒྲིག་ལམ་བཅས་ལ་སྲུང་སྐྱོང་། སྤྱི་དམངས་དང་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་གཞིར་བཟུང་ནས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཤིག་ཡིན། དེས་ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ཀྱི་ལག་ལེན་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་ཏེ། ཁྲིམས་སྐྱོང་གི་ལམ་བུའི་སྟེང་རྒྱུན་ལྡན་ཅན་གྱི་སྒོ་ནས་ནག་འཇོམས་ངན་སེལ་ལས་དོན་སྤེལ་བར་འགན་སྲུང་བྱས་ཡོད། 
          བཅ་ཁྲིམས་གསར་པ་ལག་བསྟར་བྱེད་གྲབས་ཡོད་པའི་སྐབས་འདིར།
          ང་ཚོས《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་སྐོར་ནས་ངོ་སྤྲོད་བྱ་རྒྱུ་ཡིན། 
          ཅིའི་ཕྱིར《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》གཏན་འབེབས་དང་ཁྱབ་བསྒྲགས་བྱེད་དགོས་པ་ཡིན་ནམ། 
གཏན་འབེབས་ཀྱི་རྒྱབ་ལྗོངས།
          ► ཏང་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་ལས་དོན་དེ་རྒྱུན་རྣམ་ཅན་གྱིས་སྤེལ་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ཆེད་དམིགས་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། 
           གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་ལེགས་པོ་ཡོང་བར་འགན་ལེན་བྱེད་པ། 
           མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་ཨ་ལན་སློག་པ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་བ་བཅས་བྱེད་པ། 
གཏན་འབེབས་ཀྱི་དམིགས་ཡུལ།
           སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྔོན་འགོག་དང་དེ་ལ་ཉེས་ཆད་གཅོད་པ། 
           སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། 
           རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ། དཔལ་འབྱོར་གྱི་སྒྲིག་ལམ་བཅས་སྲུང་སྐྱོང་བྱེད་པ།
           སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། 
ཁྱབ་བསྒྲགས་བྱས་པའི་དོན་སྙིང་།
          མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བ་བཅས་ལ་འགན་ལེན་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱ་ཡུལ་ཡིན། 《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་དེ་ནི་རྩ་འཛུགས་ཀྱི་ཉེས་གསོག་བྱ་སྤྱོད་འགོག་བཅོས་བྱེད་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པར་མ་ཟད། རྩ་འཛུགས་ཡོད་པའི་སྒོ་ནས་ཉེས་གསོག་བྱ་སྤྱོད་ཐོན་པ་བཀག་འགོག་བྱེད་པ་དང་། ནག་འཇོམས་ངན་སེལ་རྩ་མེད་བཟོ་བར་གཞི་འཛིན་སའི་བཅའ་ཁྲིམས་ཡོད་པར་འགན་ལེན་བྱེད་པ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། 
          བཅའ་ཁྲིམས་འདི་ཁྱབ་བསྒྲགས་བྱས་པ་དེས་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱུན་རྣམ་ཅན་དུ་སྤེལ་བའི་དུས་མཚམས་གསར་པ་ཞིག་ལ་སླེབས་པ་མཚོན་ལ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན།
          ཅི་ཞིག་ལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་། སྟོབས་ཤུགས་ངན་པའི་སྒྲིག་འཛུགས། འཇམ་པོའི་དྲག་ཤུགས་ཟེར་རམ།
          “གནས་ཚུལ་བྱུང་མ་ཐག་ནས་རྡུང་རྡེག་གཏོང་བ”དང་། “སྔ་ཙམ་དང་ཆུང་དུས་ནས་རྡུང་རྡེག་གཏོང་བ”མངོན་འགྱུར་བྱ་ཆེད། སྒྲིག་འཛུགས་ཡོད་པའི་སྒོ་ནས་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱིས་ནག་ཚོགས་ཀྱི་ངོ་བོ་རགས་པ་སྟེ་སྟོབས་ཤུགས་ངན་པའི་སྒྲིག་འཛུགས་དེ་བཅའ་ཁྲིམས་ངོས་ཐད་ཀྱི་མཚན་ཉིད་ཅིག་ཏུ་ངོས་འཛིན་གསལ་པོ་བྱས། ཉེ་བའི་ལོ་ཤས་རིང་འཇིགས་སྐུལ་དང་དོན་རྐྱེན་བཟོ་བ་སོགས་“འཇམ་པོའི་དྲག་ཤུགས་”ལག་བསྟར་བྱེད་པ་དེ་ཉེས་གསོག་གི་བྱ་ཐབས་གཙོ་བོར་འཛིན་པའི་ནག་ཚོགས་ཀྱི་ཉེས་གསོག་གྱོད་གཞི་ཐོན་པ་མང་བའི་རྣམ་པར་ཡོད་པས། སྒྲིག་འཛུགས་ཡོད་པའི་ཉེས་གསོག་བཅའ་ཁྲིམས་སུ“འཇམ་པོའི་དྲག་ཤུགས”ཀྱི་བྱེད་ཐབས་ངོས་འཛིན་དང་གཏན་འཁེལ་བྱས་ཡོད། 
          ཅི་ཞིག་ལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ཟེར།
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་ཞེས་པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་བཞི་པའི་ནང་དུ་གཏན་འབེབས་བྱས་པའི་སྒྲིག་འཛུགས་དང་། འགོ་ཁྲིད། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་ནང་ཞུགས་ནས་ནག་ཉེས་བསགས་པ་དང་། དེ་བཞིན་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་དང་སྟོབས་ཤུགས་ངན་པའི་སྒྲིག་འཛུགས་ཀྱིས་ལག་བསྟར་བྱས་པའི་ཉེས་གསོག་ལ་ཟེར། དྲ་རྒྱ་སྤྱད་ནས་ཉེས་པ་བསགས་པ་དེ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་གཏན་འབེབས་དང་མཐུན་ཚེ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོས་འཛིན་བྱེད་དགོས། 
          ཅི་ཞིག་ལ་སྟོབས་ཤུགས་ངན་པའི་སྒྲིག་འཛུགས་ཟེར།
          སྟོབས་ཤུགས་ངན་པའི་སྒྲིག་འཛུགས་ཞེས་པ་ནི་རྟག་པར་ཕྱོགས་གཅིག་ཏུ་བསྡུས་ནས་དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་ས་ཁོངས་ངེས་ཅན་དང་ལས་རིགས་ངེས་ཅན་ཞིག་གི་ཁྱབ་ཁོངས་ནང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐེངས་མང་སྤེལ་བ་དང་། བྱ་ངན་སྤྱོད་ངན་དང་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་དང་དཔལ་འབྱོར་གྱི་སྒྲིག་ལམ་དཀྲུག་པ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཅུང་ངན་པ་བཟོ་བ་བཅས་བྱས་མོད། འོན་ཀྱང་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ད་དུང་ཆགས་མེད་པའི་ཉེས་གསོག་རྩ་འཛུགས་ལ་ཟེར། 
          ཅི་ཞིག་ལ་འཇམ་པོའི་དྲག་ཤུགས་ཀྱི་བྱ་སྤྱོད་ཟེར།
          འཇམ་པོའི་དྲག་ཤུགས་ཞེས་པ་ནི་ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱེད་པའམ་ཡང་ན་ཁྲིམས་འགལ་གྱི་ཤུགས་རྐྱེན་བཟོ་ཆེད་སྒྲིག་འཛུགས་ཡོད་པའི་སྒོ་ནས་དོན་རྐྱེན་བཟོ་བ་དང་། རྙོག་དྲ་བཟོ་བ། སྐད་འབོད་བྱེད་པ། མི་མང་མཉམ་རུབ་ཀྱིས་རྣམ་པ་བཟོ་བ་སོགས་བྱས་ནས་མི་གཞན་གྱི་སེམས་ཁམས་ལ་བཙན་ཤུགས་བཟོ་བ་དང་། མི་ལུས་རང་དབང་ལ་ཚོད་འཛིན་དང་། མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ། རྒྱུན་གཏན་གྱི་སྤྱི་ཚོགས་སྒྲིག་ལམ་དང་དཔལ་འབྱོར་སྒྲིག་ལམ་ལ་ཤུགས་རྐྱེན་བཟོ་བ་བཅས་ཀྱི་ཉེས་གསོག་གི་བྱ་ཐབས་ལ་ཟེར།

《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་འབུར་ཐོན་ཁྱད་ཆོས་ནི་ཅི་ཞིག་ཡིན།  
ཁྱད་ཆོས་དང་པོ།
ནག་ཚོགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ།
          གྱོད་དོན་སྒྲུབ་པའི་ཕྱོགས་ནས།
          གུ་ཡངས་པའི་སྲིད་ཇུས་སྟངས་འཛིན་ནན་པོ་བྱེད་པ། སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྒྲིག་འཛུགས་བྱེད་མཁན་དང་། འགོ་ཁྲིད་བྱེད་མཁན། རྐང་འཛིན་མི་སྣ་བཅས་ལ་ཁག་ལེན་གཅོད་སྒུག་དང་། ཞུ་གཏུག་མི་བྱེད་པ། ཉེས་ཆད་ཕྱིར་འགྱངས་བྱེད་པ་སོགས་འོས་མཚམས་བྱེད་པར་སྟངས་འཛིན་ནན་མོ་བྱེད་དགོས། དུས་མཚུངས་སུ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་དང་། རྒྱུ་ནོར་གཞུང་བཞེས། དངུལ་ཆད་སོགས་ཀྱི་ཉེས་ཆད་བེད་སྤྱོད་གང་ལེགས་བྱེད་དགོས། 
          སྤྱིར་བཏང་གི་ཉེས་གསོག་དང་མི་འདྲ་བའི་བཙན་ཉར་བྱེད་ཐབས། སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་དོགས་ཡོད་ཉེས་ཅན་དང་ཞུ་སྦྱོར་ཕྱི་མ་གཉིས་ས་གནས་མི་འདྲ་བར་བཙན་ཉར་དང་། སོ་སོར་བཙན་ཉར་བྱེད་པའམ་ཡང་ན་ཁེར་རྐྱང་དུ་བཙན་ཉར་བྱ་ཆོག 
          ས་ཆ་གཞན་ནས་ལག་བསྟར་བྱེད་པ་དང་ཉེས་ཆད་ཇེ་ཡང་དུ་གཏོང་བར་ཡིད་གཟབ་བྱེད་པ། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྒྲིག་འཛུགས་བྱེད་མཁན་དང་། འགོ་ཁྲིད་བྱེད་མཁན། ཡང་ན་སྟོབས་ཤུགས་ངན་པའི་སྒྲིག་འཛུགས་ཀྱི་གཏེ་པོ་བཅས་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་དང་། ཚེ་བཙོན། དུས་འགྱངས་སྲོག་ཁྲིམས་ཀྱི་ཉེས་ཆད་ཐག་གཅོད་རིགས་ལ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ལས་བརྒལ་ནས་ས་ཆ་གཞན་དུ་ལག་བསྟར་བྱ་དགོས་ཤིང་། ཉེས་ཆད་ཇེ་ཡང་དུ་གཏོང་དགོས་ན་ཞིང་ཆེན་རིམ་པའི་བཙོན་ཁང་དོ་དམ་ལས་ཁུངས་ལ་བསྐྱར་ཞིབ་བྱ་རྒྱུར་འབུལ་དགོས་པ་དང་། དེ་ནས་ཁྲིམས་ཁང་ལ་ཐག་གཅོད་བྱ་རྒྱུར་འབུལ་དགོས། ཁྲིམས་ཁང་གིས་ཞིབ་གཅོད་བྱེད་སྐབས་ཞིབ་དཔྱོད་ལས་ཁུངས་དང་ལག་བསྟར་ལས་ཁུངས་ལ་བརྡ་ཐོ་བཏང་ནས་ཞིབ་གཅོད་ནང་ཞུགས་སུ་འཇུག་དགོས།
          གྱོད་འབྲེལ་རྒྱུ་ནོར་གྱི་ཕྱོགས།
          ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་པ། སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་གཅོད་བྱེད་རིང་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ལ་ཤན་འབྱེད་བྱེད་དགོས། གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་སྐབས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐག་གཅོད་བསམ་འཆར་འདོན་པ་དང་། ནག་ཚོགས་ཀྱི་རྒྱུ་ནོར་དང་འབྲེལ་བ་ཡོད་མེད་ཤན་འབྱེད་ཡང་དག་པ་བྱེད་དགོས། ཁྲིམས་ཁང་གིས་ཞིབ་གཅོད་བྱེད་སྐབས་རྒྱུ་ནོར་གྱི་ངོ་བོ་དང་གང་ལ་དབང་བ་བཅས་ཁྲིམས་སའི་བརྟག་དཔྱད་དང་རྩོད་གླེང་བྱས་ནས་ཁྲིམས་ལྟར་གཏན་ཁེལ་བྱེད་དགོས།  
          མི་སྒེར་གྱི་རྒྱུ་ནོར་འགྲོ་ཕྱོགས་སྙན་སེང་ཞུ་བ། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་བྱས་པ་དང་འགོ་ཁྲིད་བྱས་རྐྱེན་ཉེས་ཆད་ཕོག་པའི་མི་སྣར་ཆུས་བཙུགས་ཡོད་པའི་གྲོང་ཁྱེར་རིམ་པ་ཡན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་དེར་ཉེས་ཆད་ལག་བསྟར་མཇུག་རྫོགས་ཟིན་པའི་ཉིན་ནས་བཟུང་། གཏན་འབེབས་ལྟར་སྤྱི་བདེ་ལས་ཁུངས་ལ་མི་སྒེར་གྱི་རྒྱུ་ནོར་དང་དེ་བཞིན་དུས་རྒྱུན་གྱི་བྱེད་སྒོ་སྙན་སེང་ཞུ་དགོས་ཤིང་། སྙན་སེང་ཞུ་ཡུན་ལོ་ལྔ་ལས་བརྒལ་མི་ཆོག 
ཁྱད་ཆོས་གཉིས་པ།
ནག་ཚོགས་སྟོབས་ཤུགས་ཀྱི་རྒྱབ་རྩ་རྩད་ཞིབ་ཟབ་མོ་བྱེད་པ།
          ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། དེའི་རྒྱབ་རྩ་དང་འབྲེལ་བ་རྩ་མེད་གཏོང་བ་འགན་ལེན་བྱ་ཆེད། བཅའ་ཁྲིམས་འདིའི་ནང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱི་ཞིབ་ཕྲའི་རིགས་ཁ་གསལ་བཟོས་ཏེ། ནག་ཚོགས་སྟོབས་ཤུགས་ཀྱི་རྒྱབ་རྩ་དང་འབྲེལ་བ་རྩ་མེད་གཏོང་བ་ཡུན་རིང་གོ་ཆོད་ཅིང་རྒྱུན་འཁྱོངས་བར་སྐུལ་འདེད་བཏང་ཡོད།
          རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་གཤམ་གསལ་གྱི་བྱ་སྤྱོད་ཡོད་ཚེ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་རྒྱུ་སྟེ། 
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་བྱ་སྤྱོད་སྤེལ་བ་དང་། དེར་འགོ་ཁྲིད་བྱེད་པ། དེའི་ནང་ཞུགས་པ། 
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྤེལ་བ་དང་དེའི་ཉེས་གསོག་བྱ་སྤྱོད་ལ་རོགས་རམ་བྱེད་པ། 
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྤེལ་བར་འགེབས་སྲུང་བྱེད་པ་དང་། སྒྲིག་འཛུགས་ཡོད་པའི་ཉེས་གསོག་བྱ་སྤྱོད་རྒྱ་ཡན་དུ་གཏོང་བ།  
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་ཁྲོད་ལས་འཛོལ་དང་འགན་འཛོལ་བྱུང་བ། 
          གོ་གནས་ཀྱི་དབང་ཆ་དང་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཐེ་གཏོགས་བྱེད་པ། 
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག་བཅས་སོ། ། 
          སྡེ་ཁག་མང་པོས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཁུངས་སྣེ་རྩིས་སྤྲོད་དང་འབྲེལ་གཏུག་ལམ་སྲོལ་བཙུགས་པ་སྟེ། 
          ལྟ་ཞིབ་ལས་ཁུངས་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཁུངས་སྣེ་རྩིས་སྤྲོད་དང་འབྲེལ་གཏུག་ལམ་སྲོལ་བཙུགས་ནས། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ་ཁྲིམས་ལྟར་ཐག་གཅོད་བྱེད་པའམ་ཡང་ན་དུས་ཐོག་ཏུ་གཙོ་གཉེར་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས།
ཁྱད་ཆོས་གསུམ་པ།
ནག་ཚོགས་སྟོབས་ཤུགས་གཞི་རིམ་དུ་ཁྱབ་རྒྱུ་ནན་མོར་འགོག་པ།
          ཏང་ཀྲུང་དབྱང་གིས་གཞི་རིམ་སྒྲིག་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “གྲོང་གསེབ་ཀྱི་བཙན་བདག”འགོག་རྒོལ་དང་ཉེས་ཆད་གཅོད་རྒྱུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་གཞིགས་པ་དང་། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། རྩ་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་པའི་གཏན་འབེབས་ཀྱིས་ནུས་པ་ལྡན་པའི་སྒོ་ནས་ནག་ཚོགས་སྟོབས་ཤུགས་ཀྱིས་སྐབས་བརྗེའི་འདེམས་བསྐོ་བརྒྱུད་གཞི་རིམ་སྒྲིག་འཛུགས་འཁོར་སྐྱོད་ལ་ཤུགས་རྐྱེན་བཟོ་བའི་སྒོ་བཀག་ཡོད་ཅིང་། དེ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་མི་སྣས་འདེམས་བསྐོར་ཐེ་གཏོགས་དང་གཏོར་བཤིག་གཏོང་བ་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།  
          སྡེ་ཁག་མང་པོ་མཉམ་འབྲེལ་གྱིས་ཞིབ་བཤེར་བྱེད་པའི་ལམ་སྲོལ་ཁ་གསལ་བཟོས་ཏེ། གཞི་རིམ་དུ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་སྒྲིག་འཛུགས་སྐབས་བརྗེའི་འདེམས་བསྐོ་བྱེད་པར་དམངས་སྲིད་སྡེ་ཁག་གིས་ལྟ་ཞིབ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་འོས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་དགོས། སྒྲིག་འཛུགས་ཡོད་པའི་ནག་ཉེས་བསགས་སྟབས་ཉེས་དོན་གྱི་ཁྲིམས་ཆད་ཕོག་པ་ཤེས་རྟོགས་བྱུང་ན། འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། 
ཁྱད་ཆོས་བཞི་པ།
ནར་མ་སོན་པའི་བྱིས་པར་གནོད་འཚེ་ཕོག་པ་སྔོན་འགོག་བྱེད་པ།
          ནར་མ་སོན་པའི་བྱིས་པ་སྤྱི་ཚོགས་ལ་རྒྱུས་ལོན་ཟབ་པོ་མེད་པས། རྒྱུན་དུ་ནག་ཚོགས་སྟོབས་ཤུགས་ཀྱི་ནང་དུ་ཚུད་པ་དང་། ཁོ་ཚོར་ངན་སྐུལ་དང་། བེད་སྤྱོད། གནོད་འཚེ་བཅས་བྱེད་སླ་བས། གོང་གསལ་གནས་ཚུལ་དེ་དག་ལ་སྔོན་འགོག་བྱ་ཆེད། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་ཞུགས་བྱེད་དགོས།
          དེར་བརྟེན་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་གནོད་འཚོ་སྔོན་འགོག་བྱེད་པའི་སློབ་གྲྭའི་ལས་དོན་ལམ་སྲོལ་བཙུགས་ཏེ། སྒྲིག་འཛུགས་ཡོད་པའི་ཉེས་གསོག་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བྱ་ཐབས་སྤྱོད་པ་དང་འབྲེལ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས། གཤམ་གསལ་གནས་ཚུལ་བྱུང་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་ནན་པོ་བྱེད་དགོས་པ་སྟེ། 
          ནར་མ་སོན་པའི་བྱིས་པ་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་ནང་ཞུགས་སུ་བཅུག་ནས། ནར་མ་སོན་པའི་བྱིས་པར་ངན་སྐུལ་དང་བསླུ་བྲིད་བྱས་ཏེ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བྱེད་དུ་བཅུག་པའམ་ཡང་ན་ནར་མ་སོན་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ། 
          ནར་མ་སོན་པའི་བྱིས་པ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་སྒྲིག་འཛུགས་ནང་ཞུགས་རྒྱུར་ངན་སྐུལ་དང་མགོ་སྐོར་བསླུ་བྲིད་བྱས་པའམ་ཡང་ན་ནར་མ་སོན་པའི་བྱིས་པ་ཉེས་གསོག་སྒྲིག་འཛུགས་ནས་ཕྱིར་འབུད་པར་བཀག་འགོག་བྱས་ཀྱང་ནག་ཉེས་མ་གྲུབ་པའི་རིགས་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་ལྕི་མོ་གཅོད་རྒྱུ།
ཁྱད་ཆོས་ལྔ་པ།
ནག་ཚོགས་སྟོབས་ཤུགས་ཡང་བསྐྱར་རྒྱས་པར་སྔོན་འགོག་བྱེད་པ།
          གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་བྱ་རྒྱུ་ནི་ནག་ཚོགས་རྩ་མེད་གཏོང་བའི་གྱོད་གཞི་ཐག་གཅོད་བྱེད་པའི་འགག་རྩའི་གོ་རིམ་ཞིག་ཡིན་ཞིང་། སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་དཔལ་འབྱོར་རྨང་གཞི་མེད་པར་བཟོ་ནས་ཁོ་ཚོའི་རྒྱུ་ནོར་གྱི་སྟོབས་ཤུགས་མེད་པར་བཟོ་བ་དང་། ནག་ཚོགས་སྟོབས་ཤུགས་ཡང་བསྐྱར་རྒྱས་པར་སྔོན་འགོག་བྱ་ཆེད། རྩ་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ནང་གཏན་འབེབས་གསར་པ་ཁ་ཤས་བྱས་ཡོད་པ་སྟེ། 
          བྱེ་བྲག་གི་ནང་དོན་ནི། རྒྱུ་ནོར་བརྟག་དཔྱད་ལམ་ལུགས་གཏན་འབེབས་བྱས་པ། གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་འབྲེལ་བ་ཡོད་པའི་སྒྲིག་འཛུགས་དང་དེའི་ཁོངས་མིའི་རྒྱུ་ནོར་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱ་ཆོག ཞུ་སྦྱོར་ཕྱི་མས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་ཀྱིས་ནག་ཉེས་བསགས་པའི་ནག་ཉེས་གཏན་ཁེལ་དང་ཁྲིམས་ཆད་ཀྱི་གནས་ཚུལ་བརྟག་དཔྱད་གསལ་པོ་བྱས་ཟིན་པ་གཏན་ཁེལ་བྱེད་དགོས་ཤིང་། དེས་བྱས་ཉེས་བསགས་རིང་ཐོབ་པའི་རྒྱུ་ནོར་གྱི་ཚད་དེ་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་ཁོངས་སུ་གཏོགས་པའི་ཁྲིམས་འགལ་གྱི་ཐོབ་ཆ་དང་དེའི་སྐྱེད་འཕེལ་དང་ཕན་ཆར་བདེན་དཔང་གསལ་པོ་ཡོད་པ་མ་ཟད། ཞུ་སྦྱོར་ཕྱི་མས་རྒྱུ་ནོར་གྱི་ཁྲིམས་མཐུན་ཡོང་ཁུངས་གསལ་བཤད་བྱ་མི་ཐུབ་ན་བཅའ་ཁྲིམས་ལྟར་བདའ་འདེད་དང་གཞུང་བཞེས་གཏོང་དགོས། 
ཁྱད་ཆོས་དྲུག་པ།
གྱོད་འབྲེལ་ལས་ཁུངས་དང་མི་སྒེར་གྱི་ཁེ་དབང་འགན་སྲུང་བྱེད་པ།
          ནག་ཚོགས་ཀྱི་ཉེས་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེའང་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་དོ་ཁུར་བྱ་ཡུལ་ཞིག་ཡིན།
          གྱོད་འབྲེལ་ལས་ཁུངས་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུའི་སྐོར་འདི་ལྟ་སྟེ།
          སྒྲིག་འཛུགས་ཡོད་པའི་ཉེས་གསོག་གི་དོགས་ཡོད་ཉེས་ཅན་དང་། ཞུ་སྦྱོར་ཕྱི་མས་ནག་ཉེས་དང་ཉེས་ཆད་ངོས་ལེན་བྱས་པར་ནག་ཉེས་ཇེ་ཡངས་སུ་གཏོང་བའི་ལམ་ལུགས་སྤྱད་ཆོག
          དོགས་ཡོད་ཉེས་ཅན་དང་ཞུ་སྦྱོར་ཕྱི་མ་ས་གནས་གཞན་ནས་བཙན་ཉར་བྱ་རྒྱུ་ཡིན་པ་གཏན་ཁེལ་བྱུང་ཚེ་བཅའ་ཁྲིམས་ལྟར་དེའི་ཁྱིམ་མི་དང་དག་འབུད་བྱེད་མཁན་ལ་བརྡ་གཏོང་དགོས། 
          གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཁྲིམས་ཀྱིས་གཏན་ཁེལ་བའི་ཆ་རྐྱེན་དང་གོ་རིམ་ལྟར་ལག་བསྟར་བྱེད་དགོས་པ་མ་ཟད། གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་ལ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིའི་འབྲེལ་ཡོད་གཏུག་བཤེར་དབང་ཆ་ཆེད་དུ་གཏན་འབེབས་བྱེད་དགོས། 
          དཔང་མི་དང་། གསལ་འབྱེད་པ། གནོད་འཚེ་ཕོག་མཁན། ཞུ་གཏུག་བྱེད་མཁན་བཅས་ཀྱི་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུའི་ནང་དོན་འདི་ལྟ་སྟེ།
          སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ཁྲིམས་ལྟར་སྲུང་སྐྱོང་བྱ་ཐབས་སྤྱད་དེ། ཞུ་གཏུག་བྱེད་མཁན་དང་། ཞུ་གཏུག་བྱ་ཡུལ། དཔང་མི་སོགས་འབྲེལ་ཡོད་མི་སྣའི་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་སྟེ། མི་སྒེར་གྱི་ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པ་དང་། ཕྱིའི་རྣམ་པ་དང་སྐད་སྒྲ་དངོས་སོགས་ཁྲིམས་ར་ནས་བདེན་དཔང་བྱས་པའི་བྱ་ཐབས་ཕྱི་ལ་མི་སྒྲོག་པ། དམིགས་བསལ་མི་སྣར་ཐུག་འཕྲད་བྱེད་པར་བཀག་འགོག་བྱེད་དགོས། མི་ལུས་དང་སྡོད་ཁང་ལ་ཆེད་དུ་སྲུང་སྐྱོང་བྱེད་དགོས། ཐོབ་ཐང་བསྒྱུར་ནས་སྡོད་གནས་དང་ལས་སྒྲུབ་སྡེ་ཁག་བསྐྱར་དུ་བཀོད་སྒྲིག་བྱེད་དགོས། དགོས་ངེས་ཀྱི་བྱ་ཐབས་གཞན་དག་བཅས་ཡིན།