ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

འཁོར་རིགས་འདི་དག་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་འདུག

སྤེལ་དུས 2022-07-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
    ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་དུ་པེ་ཅིང་དཀྱིལ་ལམ(ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཉེ་འགྲམ)དང་། ཐེན་ཧའེ་ལམ། ནོར་སྟོད་ནུབ་ལམ་སོགས་སུ་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བས། ཉིན་དེ་རང་དུ་རླངས་འཁོར་11ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་ཁྲིམས་འཛིན་རུ་ཁག་དེས་རྒྱུན་བཙུགས་འགྲོ་ལམ་ཡོད་པའི་རླངས་འཁོར་ཐེངས་གྲངས་423དང་། ཡུལ་སྐོར་རླངས་འཁོར་ཐེངས་གྲངས་226 སྤྱིར་བཏང་གི་ཟོག་འཁོར་ཐེངས་གྲངས་51966 ཉེན་ཡོད་ཟོག་འཁོར་ཐེངས་གྲངས་5840 བདལ་གཏོང་རླངས་འཁོར་ཐེངས་གྲངས་4187བཅས་ལ་ཞིབ་བཤེར་བྱས་ནས། ཁྱོན་བསྡོམས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ཐེངས་གྲངས་432ཞིབ་བཤེར་བཀག་ཉར་བྱས་པ་མ་ཟད། མཉམ་འབྲེལ་ཁྲིམས་འཛིན་བྱས་ནས “ཁ་ལོ་བའི་ལག་ཁྱེར་དང་གཉེར་སྐྱོང་ཆོག་པའི་ལག་ཁྱེར”མེད་པའི་དྲ་ཐོག་ཁ་ཆད་རླངས་འཁོར་གྱི་ཁ་ལོ་བར་ཞིབ་བཤེར་ཡང་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་ཐད་གཏོགས་གཞུང་ལས་ཁང་གི་ཀྲུའུ་རེན་ཀུའུ་ཧྲའོ་ཅུན་གྱིས་ངོ་སྤྲོད་བྱས་དོན། ཁོ་ཚོས་མཉམ་འབྲེལ་ཁྲིམས་འཛིན་ཚོགས་ཆུང་4བཙུགས་ནས། གཟའ་འཁོར་རེར་དུས་ཚོད་དང་གནས་ངེས་མེད་དུ་ལྷ་ས་གྲོང་ཁུལ་གྱི་གཙོ་གནད་ས་ཁོངས་སུ་འཕྲལ་སྒྲུབ་མཚན་བཤེར་གྱི་བྱ་སྤྱོད་སྤེལ་ཏེ། “96123”དང“12328”ཞབས་ཞུའི་ཐེར་འདོན་ཁ་པར་ནས་ཐེར་འདོན་བྱས་པའི་ཁྲིམས་དང་མི་མཐུན་པར་འགྲུལ་པ་བླུགས་མཁན་རླངས་འཁོར་ལ་གཙོ་གནད་ཞིབ་བཤེར་བྱས་པ་དང་། གནས་སྐབས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ས་ཚིགས་བཙུགས་པ། བརྟག་དཔྱད་དཔང་ལེན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། དཔང་རྟགས་ཁུངས་བཙན་ལྡན་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་སྐྱེལ་འདྲེན་སྲོལ་ཡིག》གཞིར་བཟུང་ཆད་པ་ནན་པོ་བཅད་ཡོད།
    ད་ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་མཁན་རླངས་འཁོར་7ཞིབ་བཤེར་བཀག་ཉར་བྱས་ནས། དངུལ་ཆད་སྒོར་ཁྲི་3ལྷག་ཙམ་བཏང་ཡོད།

    གོམ་སྟབས་རྗེས་མར། ཁྲིམས་འཛིན་རུ་ཁག་དེས་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱས་ནས། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་དང་རླངས་འཁོར་ཚང་མར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་ནན་པོ་བྱེད་པ། སྟབས་བསྟུན་སྣ་མང་གི་མཉམ་འབྲེལ་བྱ་ཐབས་སྤྱོད་པ། མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་མཉམ་སྤྱོད་ནུས་ལྡན་དང་ཆ་འཕྲིན་རྒྱུན་མཐུད་སྤེལ་རེས་ཐུབ་པ་བྱས་ནས། ཁྲིམས་འགལ་གཉེར་སྐྱོང་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད།