ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

རྩ་ཆེའི་སྟོངས་ལ་ཉེ་བའི་སྲོག་ཆཊ་ལ་འཚེ་བའི་གྱོད་གཞི་ཞིག་རྩད་ཆོད།

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་དབུས་ཡན་ལག་ཅུས་ཀྱིས་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་གྱི་སྤྱིའི་རིན་ཐང་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད་པ་རེད། 
     ད་ལོའི་སྤྱི་ཟླ་2པའི་ཟླ་འགོར། ཟི་ལིང་གྲོང་ཁྱེར་མཁར་དབུས་ཡན་ལག་ཅུས་ནན་ཁྲོན་ནུབ་ལམ་མངགས་གཏོང་ཁང་གིས་རྒྱུན་ལྡན་གྱི་སྐོར་ཞིབ་ལས་དོན་སྤེལ་སྐབས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་པ་དང་ཉོ་སྒྲུབ། སྐྱེལ་འདྲེན། ཕྱིར་ཚོང་བཅས་བྱེད་པའི་གྱོད་གཞིའི་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་ཞིང་། མངགས་གཏོང་ཁང་གིས་གནས་ཚུལ་དེ་ཡན་ལག་ཅུས་ཏང་ཨུད་ལ་སྙན་སེང་ཞུས་པ་དང་འབྲེལ་ལས་དོན་ཆེད་སྒྲུབ་རུ་ཁག་བཙུགས་ནས་འབྲེལ་ཡོད་སྡེ་ཁག་གི་གཞོགས་འདེགས་འོག་གྱོད་གཞི་མྱུལ་ཞིབ་ལས་དོན་སྤེལ་བ་རེད།

     གྱོད་གཞི་དེར་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། ལས་དོན་ཆེད་སྒྲུབ་རུ་ཁག་གིས་ཉེས་གསོག་དོགས་ཡོད་པས་ཉེ་དུས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བཟོས་རྫས་ཡིན་བཟོ་ཡོད་པ་ཁག་གཅིག་འཁྱེར་སྟེ་ནན་ཁྲོན་ནུབ་ལམ་གྱི་འགྲུལ་སྐྱེལ་འབབ་ཚུགས་སུ་རླངས་འཁོར་ནང་བསྡད་དེ་ཁུལ་དང་རྫོང་གཞན་དུ་འཚོང་བར་འགྲོ་རྒྱུ་ཡིན་པའི་ཁུངས་སྣེ་ཁོང་དུ་ཆུད་ཡོད། ཟླ་ཕྱེད་ལྷག་ཙམ་རིང་མི་སྣ་བཀོད་སྒྲིག་གིས་ལྟ་སྐུལ་ཚོད་འཛིན་བྱས་པ་བརྒྱུད། སྤྱི་ཟླ་2པའི་ཚེས་28ཉིན་གྱི་ཆུ་ཚོད་12ཙམ་ལ་སྐྱེས་པ་ཞིག་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།
     གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སྐྱེས་པ་དེར་འདྲི་རྩད་བྱས་པ་བརྒྱུད། སྐྱེས་པ་དེའི་རྒྱབ་ཁུག་ནང་ནས་གླ་རྩི་14དང་ཤྭ་བའི་ཁྲག་རྭ་4 སྤྱང་སོ་44 དོམ་མཁྲིས་6 གླ་རྔ་3བཅས་རྩད་རྙེད་ཐུབ་ཡོད། 
     གྱོད་སྒྲུབ་ཉེན་རྟོག་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ཡིན་བཟོ་ཡོད་པ་དེ་དག་བཙན་ཉར་བྱས་པ་དང་འབྲེལ། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཡོད་མི་སྣ་ལི་ཆེ་གེ་མོས་རང་ཉིད་ནས་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་ཡོད།

     སྤྱི་བདེ་པུས་དམིགས་འཛུགས་བྱས་པའི་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་དག་ལ་གསལ་འབྱེད་བྱས་པ་དང་། གསལ་འབྱེད་བྱས་འབྲས་ནི་གླ་རྩི14དང་གླ་རྔ་3ཡིན། དེ་ཡང་ཉུང་མཐར་ཡང་གླ་བ་14ནས་བཏོན་པར་གཞིགས་ནས་རིན་ཐང་རྩིས་བརྒྱབ་ན། གླ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པས་སྤྱིའི་རིན་ཐང་སྒོར་336000ཡིན་པ་རེད། རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་གྱོད་གཞི་དེ་བདེ་བླག་ངང་རྩད་ཆོད་ཡོད། གྱོད་གཞི་དེའི་གྱོད་འབྲེལ་རིན་ཐང་ཧ་ཅང་ཆེན་པོ་ཡིན་སྟབས། གྱོད་གཞི་དེ་ཉིད་ཉེ་བའི་ལོ་ཤས་རིང་ས་གནས་སྤྱི་བདེས་རྩད་རྙེད་བྱུང་བའི་གླ་རྩིའི་གྲངས་འབོར་མང་ཤོས་ཀྱི་རྩ་ཆེའི་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་བཟོ་བའི་གྱོད་གཞི་ཞིག་ཏུ་གྱུར་ཡོད་པ་རེད།
    སྤྱི་ཟླ་4པའི་ཚེས་6ཉིན། ཉེས་གསོག་དོགས་ཡོད་མི་སྣ་ལི་ཆེ་གེ་མོ་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་མིག་སྔར་གྱོད་གཞི་དེར་ད་དུང་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།