ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

ཧམ་པ་ཆེ་བའི་སྐྲ་བཞར་ཁང་ཞིག་སྒོ་རྒྱག་ཏུ་བཅུག་འདུག

སྤེལ་དུས 2022-05-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        ཉེ་ཆར། ཧང་ཀྲོའུ་ཡི་སྐུ་ཞབས་ལིའུ་ལགས་“ཚུལ་མིན་”གྱི་དོན་དག་ཅིག་དང་འཕྲད། ཁོང་སྐྲ་བཞར་ཁང་དུ་སྐྲ་བཟོ་བར་ཕྱིན་པ་ན་ཚོང་གཡོག་གིས་རིན་གོང་སྒོར་398ཡིན་པའི་སྐྲ་ལས་བྱས་པ་དང་། དངུལ་ལེན་དུས་སྒོར་4776ལ་གྱུར། ཚོང་གཡོག་གིས་སྐྲ་ཡི་ཁྱབ་ཁོངས་ལྟར་དངུལ་བསྡུ་བཞིན་ཡོད་པའི་འགྲེལ་བཤད་བྱས།
  སྐྲ་ཡི་ཁྱབ་ཁོངས་12ལ་བགོས་ཤིང་ཁྱབ་ཁོངས་རེར་སྒོར་398ལེན་གྱིན་ཡོད་པ།
  མགོ་ལྤགས་ཀྱི་ཁྱབ་ཁོངས་12ལ་ཇི་ལྟར་བགོས་པ་ཡིན་ནམ།
  སྐུ་ཞབས་ལིའུ་ལགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གི་སྐྲ་ཅུང་རིང་བའི་དབང་གིས་སྤྱིར་བཏང་གི་སྐྲ་འཁྲུ་གཏུབ་ཅིག་བྱེད་དགོས་སྙམ་སྟེ་ཡུས་ཧང་ཆུས་ཐོང་ཧྲིན་ཁྲོམ་གཞུང་གི་ཀྲེན་ཤོན་མཛེས་བཟོ་ཁང་དུ་སོང་ཡོད།
  སྐྲ་བཀྲུས་རྗེས། ལས་ཀ་བས་སྐྲ་སྲེག་བཟོ་བྱ་རྒྱུ་འོས་སྦྱོར་བྱས།
  སྐུ་ཞབས་ལིའུ་ལགས་ནི་སྐྲ་བཞར་ཁང་དེའི་ཚོགས་མི་ཡིན་པས། ཚོགས་མིའི་རིན་གོང་ནི་སྒོར་398ཡིན་པ་དང་། སྐུ་ཞབས་ལིའུ་ལགས་ཀྱིས་རིན་གོང་དང་ལེན་བྱས་ཆོག་སྙམ་ནས་མོས་མཐུན་བྱས།

  མཇུག་བསྒྲིལ་རྗེས་རྩིས་ཐོ་མཐོང་བ་ན་སྐུ་ཞབས་ལིའུ་ལགས་ཧ་ལས་པ་དང་། ཚོང་གཡོག་གིས་སྒོར་398ནི་སྐྲའི་ཁྱབ་ཁོངས་གཅིག་གི་རིན་གོང་ཡིན་པ་དང་། སྐུ་ཞབས་ལིའུ་ལགས་ཀྱི་མགོ་ལྤགས་ཀྱི་རྒྱ་ཁྱོན་ཕལ་ཆེར་དམིགས་བསལ་ཅན་ཞིག་ཡིན་པས། ཁྱོན་བསྡོམས་ཁྱབ་ཁོངས་12ལ་བགོས་ཡོད་ཅིང་། རིན་གོང་ནི་སྒོར་4776རེད་ཅེས་བཤད་ཡོད་པ་རེད།
  ཚོང་གཡོག་གིས་བྱང་བུའི་ནང་སྒོར་བསྣན་ན་ཉིན་དེའི་འཛད་སྤྱོད་བརྒྱ་ཆ་ལྔ་གཅོག་ཆོག་ཅེས་བཤད་པར་བརྟེན། ཧང་སངས་པའི་སྐུ་ཞབས་ལིའུ་ལགས་ཀྱིས་རང་གི་སྐྲ་བཞར་བྱང་བུའི་ནང་སླར་ཡང་སྒོར་3000མི་འཇོག་ཀ་མེད་བྱུང་།
  དག་ཐེར་བྱས་ཏེ་ལས་གཉེར་བྱེད་མཚམས་བཞག

  ཟླ་5པའི་ཚེས་6ཉིན། ཡུས་ཧང་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་མཚན་མོ་དེ་རང་དུ་ཁྲིམས་འཛིན་མི་སྣ་བཏང་ནས་གྱོད་གཞི་ཐོན་སར་བསྐྱོད་དེ་ཞིབ་བཤེར་བྱས།
  ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་པ་དེར་རིན་གོང་མི་གསལ་བ་གཏན་འཁེལ་དང་། བསླུ་བྲིད་འཛད་སྤྱོད། འཛད་སྤྱོད་པར་གནོད་འཚེ་གཏོང་བ། རིན་གོང་མགོ་སྐོར་བྱེད་པ་སོགས་ཀྱི་དོགས་པ་ཡོད་པ་རེད།
  ཁྲིམས་འཛིན་མི་སྣས་ཡུལ་དངོས་ནས་དཔང་རྟགས་བླངས་པ་བརྒྱུད་ཤེས་པར། ཚོང་ཁང་ནང་ད་དུང་གྱོད་གཞི་དང་འབྲེལ་བའི་ཐོན་རྫས་ལ་རྒྱ་ཡིག་གི་ཤོག་བྱང་མེད་པ་དང་། ཐུམ་སྒྲིལ་ཡོད་ཚད་ཁོ་རེ་ཡའི་ཡི་གེ་ཡིན་པ་དང་། ཁྲིམས་འགལ་ཐོན་རྫས་ཡིན་པའི་དོགས་གཞི་ཡོད་པ་རེད།

  གོང་གསལ་གྱི་གནད་དོན་ལ་དམིགས་ཏེ་ཡུས་ཧང་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཤམ་གསལ་གྱི་ཐག་གཅོད་བྱས་པ་སྟེ།
  གཅིག གོང་གསལ་གྱི་རྒྱ་ཡིག་གི་ཤོག་བྱང་མེད་པ་དང་རིན་གོང་མགོ་སྐོར་གཏོང་པ་དང་འདྲ་བའི་གནད་དོན་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་ཡུལ་དངོས་ནས་ཚོང་ཁང་དེར་ལས་མཚམས་བཞག་ནས་བཅོས་སྒྲིག་བྱ་རྒྱུའི་བཀའ་རྒྱ་བཏང་བ།
  གཉིས། ཚོང་ཁང་དེ་ནས་ཤེས་རྟོགས་བྱུང་བའི་རྒྱ་ཡིག་གི་ཤོག་བྱང་མེད་པའི་ནང་འདྲེན་མཛེས་འཆོས་བྱུག་རྫས་གསུམ་ཐོ་འགོད་བརྟག་དཔྱད་བྱས་པ།
  གསུམ། ཐུན་མོང་ཐོག་ཝུའུ་ཁྲང་ཁོངས་གཏོགས་ཁུལ་གྱི་མཛེས་བཟོ་ཁང་དག་ལ་ཁ་ཆད་གྲོས་མོལ་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་ཁྱབ་བཅའ་ཁྲིམས》《མཛེས་འདོན་བྱུག་རྫས་ལྟ་སྐུལ་དོ་དམ་སྲོལ་ཡིག》《གན་རྒྱའི་ཁྲོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ལྟ་སྐུལ་དང་ཐག་གཅོད་བྱ་ཐབས》བཅས་སླར་ཡང་དྲིལ་བསྒྲགས་བྱས་པ།
  ཚོང་བདག་ཐ་ཤལ་གྱིས་སྒོར་མོ་བསླུས་ཚེ་ཅི་ཞིག་བྱ་དགོས།
  འཛད་སྤྱོད་པས་12315ཡི་ཞུ་གཏུག་སྤྱི་སྟེགས་དང་12345ཡི་གྲོང་སྤྱིའི་ཐད་འབྲེལ་ཁ་པར་སོགས་ཁེ་དབང་སྲུང་སྐྱོང་ཐབས་ལམ་ལ་བརྟེན་ནས་མཛེས་བཟོ་དང་སྐྲ་བཟོའི་ལས་རིགས་ཀྱི་སྣང་ཚུལ་དང་འཕྲད་སྐབས་དུས་ཐོག་ཏུ་ཁ་པར་བཏང་བའི་སྒྲ་དང་བརྙན། འཛད་སྤྱོད་དཔང་རྟགས་སོགས་ཉར་ཚགས་བྱས་ཏེ་འཕྲལ་མར་ཐེར་འདོན་དང་ལྟ་སྐུལ་བྱེད་ཆོག་གི་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།