ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

འགོ་ཁྲིད་ལས་བྱེད་པས་ལས་འགན་འཁུར་བར་མི་འཚམ་པའི་གནས་ཚུལ་རིགས15

སྤེལ་དུས 2022-09-22 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
     ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《འགོ་ཁྲིད་ལས་བྱེད་པ་གོང་འོག་གཉིས་འཕེར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས། 《གཏན་འབེབས》ཀྱི་དོན་ཚན་བཞི་པའི་ནང་འགོ་ཁྲིད་ལས་བྱེད་པ་གོང་འོག་གཉིས་འཕེར་ཡོང་བར་སྐུལ་འདེད་གཏོང་བ་དང་། གཙོ་བོ་འོག་གི་ལས་གནས་ཐོག་ལས་ཀ་ཡག་པོ་བསྒྲུབ་པ་ཐག་གཅོད་བྱ་རྒྱུ་དེ་ཡིན་པ་ཁ་གསལ་བཏོན་ཡོད། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། འགན་འཁྲི་འདྲི་རྩད་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་གཅོད། རྩ་འཛུགས་ཀྱི་ཐག་གཅོད། ལས་ཁུར་དགོངས་ཞུ། གོ་གནས་ཀྱི་འགན་འཁུར་ཡུན་ཚད། ལས་འཁྱུར་ངལ་གསོ་སོགས་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ། ལས་བྱེད་པས་ལས་དོན་ཡག་པོ་བསྒྲུབ་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱ་དགོས། 
  《གཏན་འབེབས》འདིའི་ནང་གི་ཚད་གཞི་གཙོ་བོ་ནི་ད་ལྟའི་ལས་འགན་འཁུར་བར་མི་འཚམ་པའི་འགོ་ཁྲིད་ལས་གནས་ལ་རྩ་འཛུགས་ཐོག་ནས་ལེགས་སྒྲིག་བྱེད་པ་དེ་ཡིན། ད་ལྟའི་ལས་འགན་འཁུར་བར་མི་འཚམ་པ་ཞེས་པ་ནི་གཙོ་བོ་ལས་བྱེད་པའི་ཀུན་སྤྱོད་དང་། ནུས་པ། བརྩོན་འགྲུས། གྲུབ་འབྲས། སྤྱོད་གཙང་བཅས་དང་འགན་འཁུར་བའི་གོ་གནས་ཐད་ཀྱི་བླང་བྱ་དང་མི་མཐུན་པས། ད་ལྟའི་ལས་གནས་ཐོག་མུ་མཐུད་ལས་གནས་བཟུང་ན་མི་འཚམ་པའི་རིགས་ལ་ཟེར།《གཏན་འབེབས》ཀྱི་དོན་ཚན་ལྔ་པར་ད་ལྟ་ལས་འགན་འཁུར་ན་མི་འཚམ་པའི་གནས་ཚུལ་རིགས་བཅོ་ལྔ་གསལ་བོར་བཀོད་ཡོད་དེ།
  1.ཆབ་སྲིད་ཀྱི་ནུས་པར་ཉམས་སད་ཐེག་མི་ཐུབ་པ་དང་། དགོས་ངེས་ཀྱི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ལ་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བའི་ཐད་ཧེ་བག་མངོན་གསལ་ཡོད་རིགས།
  2.ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་ཤིང་། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སོགས་དང་འབྲེལ་བ་ཡོད་པའི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་བརྟན་པོ་མིན་པ་དང་། རྣམ་འགྱུར་གསལ་པོ་མིན་པ། འགག་རྩའི་དུས་སུ་ཉམས་སད་ཐེག་མི་ཐུབ་པའི་རིགས།
  3.འགན་འཁུར་ཕོད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་མེད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་སོགས་འགག་རྩའི་དུས་སུ་ཕྱིར་བཤོལ་དང་། ཉེན་ཁ་དང་ཉེན་ཆེའི་ལས་འགན་གལ་ཆེན་དང་ཉེན་ཁ་གལ་ཆེན་གྱི་ཚོད་བགམ་མདུན་དུ། སྒྱིད་ལུག་གིས་གཡོལ་ཐབས་བྱེད་པའམ་ཡང་ན་ཁ་གཏད་ཡག་པོ་མི་འཇལ་བ་དང་ཐག་གཅོད་ཡག་པོ་མི་བྱེད་པའི་རིགས།
  4.སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བར་འཛོལ་ཆ་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་མི་ཐུབ་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་འཕྱུགས་མེད་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཡང་དག་བྱེད་མི་ཐུབ་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཧུར་བརྩོན་མི་བྱེད་པ་དང་ལས་ཀ་མི་སྒྲུབ་པ། “སྣང་བརྙན་ལས་གྲྭ”དང“སྲིད་འབྲས་ལས་གྲྭ”གང་བྱུང་དུ་བྱེད་པའི་རིགས།
  5.ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་འགལ་ཏེ། སྒེར་སྤྱོད་བྱེད་པའམ་ནུས་མེད། རང་འདོད་ལྟར་སྒྲུབ་པ་དང་། རྩ་འཛུགས་ཀྱིས་ཐག་བཅད་པའི་ཆོད་དོན་ལག་བསྟར་མི་བྱེད་པའམ་ཡང་ན་རང་འདོད་ལྟར་བསྒྱུར་ནས་འགོ་ཁྲིད་ཚན་པའི་ནང་རྩ་དོན་མེད་པའི་རྩོད་གཞི་སློང་བའམ་ཡང་ན་རང་གི་གཉེན་ཉེ་ཁོ་ན་བསྐོ་གཞག་དང་ཤོག་ཁག་སྒྲིག་སྟེ་ས་གནས་དང་སྡེ་ཚན་གྱི་ཆབ་སྲིད་སྐྱེ་ཁམས་གཏོར་བརླག་བཏང་རིགས།
  6.རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་། གལ་ཆེའི་དོན་གནད་དགོངས་ཞུ་དང་མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་ཞུ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་མི་བྱེད་པ། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་རྩ་འཛུགས་ཀྱི་བགོ་འགྲེམས་དང་། སྐོང་འཐེན་དང་སྤེལ་རེས་སོགས་ཀྱི་གཏན་འབེབས་ལག་བསྟར་མི་བྱེད་པའི་རིགས།
  7.བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོ་མེད་པ་དང་། བསམ་པའི་འཁྱེར་ཕྱོགས་ལེགས་པོ་མེད་པ། འགན་འཁྲིའི་ཁྱབ་ཁོངས་ནང་གི་བྱ་བ་གཡོ་ཟོལ་གྱིས་ནན་གྱིས་མི་བསྒྲུབ་པ། མང་ཚོགས་ཀྱི་ཛ་དྲག་དང་དཀའ་ཁག་སེམས་ཁྲལ་རེ་སྒུག་བཅས་བྱེད་པའི་གནད་དོན་ལ་བསམ་བློ་མི་གཏོང་བ་དང་ནུས་ཤུགས་ཡོད་རྒུ་མི་འདོན་པ། ལས་དོན་ལ་གཡོལ་ཐབས་བྱས་ནས་བྱ་གཞག་འཕེལ་རྒྱས་ལ་གནོད་པ་བཟོ་བའི་རིགས།
  8.འགོ་ཁྲིད་ཀྱི་ནུས་པ་མི་འདང་བས་འགན་འཁྲི་ནུས་ལྡན་བསྒྲུབ་མི་ཐུབ་པ་དང་། བླང་བྱ་ལྟར་དམིགས་ཚད་ལས་འགན་ལེགས་སྒྲུབ་མི་ཐུབ་པ། འཐབ་ཇུས་གལ་ཆེན་དང་། སྒྱུར་བཅོས་གལ་ཆེན། གཙོ་གནད་ལས་དོན་བཅས་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། འགན་འཁུར་བའི་ལས་དོན་དེ་དུས་ཡུན་རིང་ཙམ་ཞིག་ནང་རྗེས་ལུས་ཀྱི་གནས་སུ་གྱར་བའམ་ཡང་ན་ནོར་འཁྲུལ་ཆེ་ཙམ་ཐོན་པའི་རིགས། 
  9.སྒྲིག་སྲོལ་ལས་འགལ་ཏེ་ཇུས་ཐག་བཅད་པའམ་ཐབས་ཇུས་རིགས་པས་ཁུངས་སྐྱེལ་གང་ལེགས་མ་བྱས་པ་དང་། གཟབ་ནན་མ་བྱས་པའི་དབང་གིས་སྤྱི་པའི་མ་དངུལ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར། རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་བཅས་ལ་གྱོང་གུན་བཟོས་པའམ་ཆུད་ཟོས་སུ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བ། སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བ་སོགས་ཀྱི་མཇུག་འབྲས་བཟོས་རིགས།
  10.སྤྱོད་ཚུལ་ནན་ཏན་དང་གཞུང་དྲང་མིན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་མི་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པ། ཤུགས་རྐྱེན་ངན་པ་བཟོ་བའི་རིགས།
  11.སྤྱོད་ལམ་མི་བཟང་བ་དང་བྱ་སྤྱོད་དཔེ་སྟོན་མེད་པར་གྱུར་ཏེ། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་བཅས་དང་རྒྱབ་འགལ་བྱས་ནས་ཤུགས་རྐྱེན་ངན་པ་བཟོས་རིགས།
  12.བཟའ་ཟླ་དང་བུ་ཕྲུག་ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་གནས་སྤོས་པ་དང་། བཟའ་ཟླ་དང་། བུ་ཕྲུག དེའི་བཟའ་ཟླ་བཅས་ཀྱིས་ཚོང་གཉེར་ཁེ་ལས་གཉེར་བ་སོགས་ཀྱི་གནས་ཚུལ་ཡོད་པ། འབྲེལ་ཡོད་གཏན་འབེབས་ལྟར་སྒྲིག་འཛུགས་དང་ལེགས་སྒྲིག་བྱ་དགོས་རིགས།
  13.ལོ་འཁོར་དཔྱད་ཞིབ་དེ་ཚད་གཞི་མ་ལོན་པའམ་ཡང་ན་ལོ་གཉིས་བསྟུད་མར་གཞི་རྩའི་ཐོག་ཚད་གཞི་ལོན་པའི་ཐོག་དང་། དེ་བཞིན་དམངས་གཙོའི་དཔྱད་བསྡུར་གཏན་འབེབས་ཀྱི་ཕུལ་བྱུང་དང་ཚད་གཞི་ལོན་པའི་འདེམས་ཤོག་གསུམ་ཆ་གཉིས་ཀྱང་མ་ལོན་པར། ད་ལྟ་འཁུར་བཞིན་པའི་གོ་གནས་འཁུར་བར་མི་འཚམ་པར་ངོས་འཛིན་བྱས་རིགས།
  14.བདེ་ཐང་གི་རྐྱེན་གྱིས་ལོ་གཅིག་ཡན་གྱི་བྱ་བའི་འགན་འཁྲི་ལག་བསྟར་བྱེད་ཐབས་མེད་རིགས།
  15.ད་ལྟ་འཁུར་བཞིན་པའི་ལས་འགན་འཁུར་བར་མི་འཚམ་པའི་གནས་ཚུལ་གཞན་དག་བཅས་ཡིན།
  《གཏན་འབེབས》ནང་གནས་ཚུལ་དེ་དག་ཐོན་ཚེ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས་ཞེས་འཁོད་ཡོད།
  《གཏན་འབེབས》འདི་ནི་རིམ་ཁག་ཏང་གི་ལས་ཁུངས་དང་། མི་དམངས་འཐུས་ཚོགས་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་དང་། དེ་བཞིན་གཞུང་ལས་པའི་བཅའ་ཁྲིམས་དོ་དམ་ནང་བཅུག་པའི་ལས་ཁུངས་གཞན་དག་དང་། གཞུང་ལས་པའི་བཅའ་ཁྲིམས་གཞིར་བཟུང་དོ་དམ་བྱེད་པའི་ལས་ཁུངས(སྡེ་ཚན)ནང་འགོ་ཁྲིད་ཀྱི་ལས་འགན་འཁུར་བའི་ལས་བྱེད་པར་སྤྱོད་པར་འཚམ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་ནང་གི་འགོ་ཁྲིད་ཀྱི་ལས་འགན་འཁུར་བའི་མི་སྣས་གཏན་འབེབས་འདི་དཔྱད་གཞིར་བཟུང་ནས་ལག་བསྟར་བྱ་དགོས།