ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་རུ་པྲོག་གསར་ནད་པ1བྱུང་།

སྤེལ་དུས 2021-10-21 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
            2021ལོའི་ཟླ10པའི་ཚེས20ཉིན་གྱི་ཆུ་ཚོད21དང་སྐར་མ51གི་སྟེང་། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་རིམས་འགོག་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་གིས་ཀྲང་ཆེ་གེ་མོའི་གྲེ་བའི་དམར་དཔེ་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ནི་གདགས་གཤིས་ཡིན་པ་སྙན་ཞུ་བྱས།  ཚེས21ཉིན་གྱི་ཐོ་རེངས་ཆུ་ཚོད2དང་སྐར་མ41གི་སྟེང་། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མཚོ་ཤར་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་གཉིས་ཀྱིས་བསྐྱར་ཞིབ་བྱས་པ་བརྒྱུད་ཀྲང་ཆེ་གེ་མོར་ཉིང་སྐྱུར་ཞིབ་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པ་གཏན་འཁེལ་བྱས་པ་རེད། མིག་སྔར་དམིགས་བཙུགས་སྨན་བཅོས་སྡེ་ཁག་ཏུ་ལོག་དགར་སྨན་བཅོས་བྱེད་བཞིན་ཡོད།
            མི་དེ་ནི་ཟླ10པའི་ཚེས15ཉིན། ཨང་རྟགསD2746ཅན་གྱི་མེ་འཁོར་ལ་བསྡད་དེ་ལན་གྲུ་མེ་འཁོར་འབབ་ཚིགས་ནུབ་མ་རུ་འབྱོར་བ་དང་། ཟླ10པའི་ཚེས17ཉིན། ཨང་རྟགསK1309ཅན་གྱི་མེ་འཁོར་ལ་བསྡད་ནས་ཕིན་ཨན་ཆུའུ་མེ་འཁོར་ས་ཚིགས་སུ་འབྱོར། ཉིང་སྐྱུར་ཞིབ་དཔྱད་ཀྱི་མཇུག་འབྲས་གདགས་གཤིས་ཡིན་པ་ཤེས་རྗེས།མཚོ་ཤར་གྲོང་ཁྱེར་དང་ཕིན་ཨན་ཆུའུ་ཡིས་འཕྲལ་མར་འཚུབ་ཟློག་བརྡ་ལན་གཏོང་མགོ་བརྩམས་པ་དང་། མིག་སྔར་རིམས་ནད་ལ་ཐོག་མའི་བརྟག་དཔྱད་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ཟིན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་དེར་འབྲེལ་གཏུག་དམ་ཟབ་བྱེད་མཁན་དང་འབྲེལ་འདྲིས་བྱས་པའི་མི་སྣ་སོགས་ལ་གྲལ་བཤེར་དང་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད། དུས་མཚུངས་སུ་ཡན་ལག་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན། ལོག་དགར་ལྟ་ཞིབ་ཚད་ལེན། བདེ་ཐང་ལ་ལྟ་ཞིབ་ཚད་ལེན་སོགས་བྱེད་པའི་དོ་དམ་ཚོད་འཛིན་བྱེད་ཐབས་བཀོད་སྒྲིག་བྱས་ཡོད།
            མཚོ་ཤར་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་རྒྱ་ཆེའི་གྲོང་མིར་བརྩེ་བའི་གསལ་འདེབས་བྱས་དོན། 
            དང་པོ། རིམས་འགོག་བྱ་བར་རང་འགུལ་གྱིས་གཞོགས་འདེགས་བྱ་དགོས། ནད་དུག་བྱུང་མཁན་གྱི་མིའི་བྱེད་སྒོའི་རྗེས་ཤུལ་ལས་མི་ཚོགས་དང་མཉམ་འདྲིས་བྱས་ཡོད་པའི་གནས་ཚུལ་ཡོད་ན།དུས་ཐོག་ཏུ་ས་གནས་སྡེ་ཁུལ་དང་། ལས་ཁུངས། མགྲོན་ཁང་བཅས་ལ་སྙན་སེང་ཞུ་དགོས། རིམས་ནད་ལ་བརྟག་དཔྱད་ཡག་པོ་བྱེད་པར་གཞོགས་འདེགས་དང་། ས་གནས་ཤང་དང་གྲོང་རྡལ། སྡེ་ཁུལ་བཅས་ལ་གཞོགས་འདེགས་བྱས་ཏེ་སྔོན་འགོག་བྱེད་ཐབས་ཁག་དོན་འཁྱོལ་ཡོང་བར་ལེགས་པོ་བསྒྲུབ་དགོས།
            གཉིས་པ། བདེ་ཐང་ལ་ལྟ་ཞིབ་ནན་མོ་བྱ་དགོས། ཚ་བ་རྒྱས་པ་དང་གློ་ལུ་རྒྱག་པ། མིད་པ་ན་བ། ལུས་ཤུགས་ཉམས་པ། ཕོ་བ་མི་བདེ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། ཤང་གྲོང་རྡལ་དང་སྡེ་ཁུལ། མགྲོན་ཁང་བཅས་ལ་སྙན་སེང་ཞུས་ནས་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་ཁང་དུ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་དང་།སྨན་བཅོས་བྱེད་དུ་འགྲོ་བའི་ལམ་བར་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོ་བསྒྲུབ་དགོས།
            གསུམ་པ། རང་ཉིད་ཀྱི་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱ་ཆེའི་གྲོང་མི་ཚོ་མི་ཚོགས་རང་བཞིན་གྱི་བྱེད་སྒོའི་ཁྲོད་རང་ནུས་ཅི་ལྕོགས་ཀྱིས་མི་ཞུགས་རྒྱུ་དང་། དོན་དག་གལ་ཆེན་མེད་ཚེ་སྒོའི་ཕྱི་རུ་མི་འགྲོ་བ་དང་། གལ་ཏེ་སྒོའི་ཕྱི་རུ་འགྲོ་ཚེ་ཁ་ཐུམ་གྱིས་ཁ་སྣ་བཏུམས་ནས་འགྲོ་བར་གོམས་པར་བྱས་ཏེ་ལག་པ་གཙང་བཀྲུ་དང་ཁྱིམ་གྱི་མཁའ་དབུགས་འཁོར་རྒྱུག་ལ་ཁག་ཐེག མི་དང་མིའི་བར་ཐག“སྨི1”འཇོག་པ་སོགས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་དགོས། 
            བཞི་བ། རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་བྱ་དགོས། རྒྱ་ཆེའི་གྲོང་མི་ཚོས་གཞུང་ཕྱོགས་ཀྱི་འཕྲིན་ལམ་བརྒྱུད་ནས་ཁྱབ་སྒྲོག་བྱས་པའི་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་ཁུར་བྱ་དགོས་ཤིང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་དགོས།
            ལྔ་བ། བཅའ་ཁྲིམས་ཀྱི་འགན་འཁྲི་ཆེ་རུ་གཏང་དགོས། དོན་དངོས་སྦ་གསང་དང་རྫུན་ཞུ་བྱེད་པའམ་གཏན་འཁེལ་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་མ་བྱས་པའི་རྐྱེན་གྱིས་པྲོག་གསར་གློ་ཚད་ནད་དུག་མཆེད་པའི་ཉེན་ཁ་བྱུང་བའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་ཐོན་རིགས་ལ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་ངེས།
            མཚོ་ཤར་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་
            ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས།
            2021ལོའི་ཟླ10པའི་ཚེས21ཉིན་ལ།