ཡང་མི་གཅིག་ཉེས་དོན་བཀག་ཉར་བྱས་འདུག
སྤེལ་དུས 2021-02-22
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཚེས21ཉིན་པེ་ཅིང་ནས་གནས་ཚུལ་འབྱོར་གསལ། ཟླ2པའི་ཚེས20ཉིན་མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་གོང་ཞུས་དོན། དྲ་དམངས་ཤིག་གིས་སྐད་འཕྲིན་ཚོགས་པའི་ནང་ནས་རྒྱལ་སྲུང་མཐའ་སྲུང་གི་དཔོན་དམག་དཔའ་བོ་རྣམས་ལ་དམའ་འབེབས་དང་ཚིག་ངན་སྨྲ་བའི་གཏམ་བརྗོད་མང་པོ་སྤེལ་བས་ཚོགས་པའི་ནང་གི་ཁོངས་མི་རྣམས་ཧ་ཅང་མི་དགའ་བར་གྱུར་འདུག་ཟེར། དེ་བས་ཉེན་རྟོག་པས་འཕྲལ་ཏུ་དེ་ལ་བརྟག་དཔྱད་བྱས་པ་དང་། ཉིན་དེའི་ཆུ་ཚོད21པར་དྲ་དམངས་ཁྲེན་མའོ་ཆིང(ཕོ། ལོ28ཡིན)རྩད་ཆོད་བྱུང་ལ། ཁོང་གིས་སྒེར་གྱི་ཚུལ་མིན་བསམ་ཚུལ་ཕྱིར་འདོན་ཆེད་ཁྲིམས་འགལ་གྱི་གཏམ་བརྗོད་སྤེལ་བའི་དོན་དངོས་ལ་སྦ་གསང་མེད་པར་ངེས་ལེན་ཞུས། མིག་སྔར་མི་དེར་བསྙད་འཚོལ་ཟིང་སློང་གི་ནག་ཉེས་བསགས་པའི་དོགས་ཡོད་ཉེས་ཅན་ཡིན་པས་ཧའེ་ཏེན་(海淀)སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་ལ་མུ་མཐུད་ནས་རྩད་གཅོད་མུས་ཡིན། ཉེན་རྟོག་པས་དཔའ་བོ་ལ་ཁྱད་གསོད་བྱ་མི་རུང་ཞིང་། དྲ་རྒྱ་ནི་ཁྲིམས་མེད་རྒྱ་ཡན་དུ་གྱུར་པའི་ཁོར་ཡུག་ཅིག་གཏན་ནས་མིན་པས་མངོན་སུམ་འཛེམས་མེད་ཀྱིས་དཔའ་བོར་དམའ་འབེབས་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅད་རྒྱུ་ཡིན་ཞེས་ཟེར།
རྩོམ་སྒྲིག་པ། བདེ་སྒྲོལ།