ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁྱོ་ཤུག་འདི་གཉིས་ཀྱི་སྒོར་དུང་ཕྱུར་17ཟིན་པའི་ཁང་པ་96ལ་སྒོ་ཐེལ་་་

སྤེལ་དུས 2022-04-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    སྤྱི་ཟླ་4ཚེས་19ཉིན་གྱི་ས་སྲོད་དུ་TSTཀུང་སིས་དེ་སྔོན་བརྒྱུད་ཚོང་གི་དོགས་པ་ཡོད་པའི་རྐྱེན་གྱིས་ཀུང་སི་དེའི་མིང་འོག་གི་ཁང་པ་96ལ་སྒོ་ཐེལ་རྒྱབ་པ་སོགས་ཀྱི་གནད་དོན་ཐད་དེ་གའི་གཞུང་ཕྱོགས་པོད་ཕྲན་ཐོག་ཚུར་ལན་བྱས་ཡོད།
    TSTཀུང་སིས་གཞུང་ཕྱོགས་པོད་ཕྲན་ཐོག་ཁྲིམས་རྩོད་པའི་ཡི་གེ་ཞིག་སྤེལ་ཏེ། TSTཀུང་སིའི་གཉེར་སྐྱོང་གཙོ་གཟུགས་ཀུང་སི་སྟེ་ཧྲང་ཧའེ་ཏེར་ཝེ་ཉོ་ཚོང་ཚད་ཡོད་ཀུང་སིས་འབྲེལ་ཡོད་སྡེ་ཁག་གི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་མ་ཟད་རམ་འདེགས་བྱེད་ཀྱི་ཡོད་པ་བསྟན་ཡོད།

    ཁྲིམས་རྩོད་པའི་ཡི་གེའི་ཁྲོད་དུ། ད་ལྟའི་བར་སྐད་ཆ་མི་ཤོད་དོན་ནི་རང་འགུལ་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱར་བརྩི་སྲུང་བྱས་པ་ཡིན་ཏེ། གཙོ་གཟུགས་སུ་ཞིག་གིས་ཀྱང་འབྲེལ་ཡོད་སྡེ་ཁག་གི་ལས་དོན་ལ་རམ་འདེགས་བྱེད་སྐབས་རང་དགར་ཆ་འཕྲིན་གང་ཡང་ཡོངས་བསྒྲགས་བྱེད་མི་ཆོག་པ་ཡིན། གྱོད་གཞི་རྙོག་འཛིང་ཆེ་བས་མིག་སྔར་ཕྱོགས་ཁག་གི་དྲི་བར་ལན་འདེབས་མི་ཐུབ། སྨྱན་སྦྱོར་གྲོགས་པོ་ཚོས་དོན་མེད་འོལ་ཚོད་མ་བྱེད་མི་རུང་ཞེས་འཁོད་ཡོད་པ་རེད།
    ཤེས་རྟོགས་བྱུང་བ་ལྟར་ན། བརྒྱུད་ཚོང་བྱེད་སྒོར་ཞུགས་པའི་རྐྱེན་གྱིས་ཀྲང་ཐིང་དང་ལིན་རུའེ་ཁྱོ་ཤུག་གིས་གསར་འཛུགས་དང་གཉེར་སྐྱོང་བྱེད་པའི་ཏེར་ཝེ་ཀུང་སིའི་མིང་འོག་གི་ཁང་པ་96སྒོ་ཐེལ་རྒྱབ་པ་དང་། རིན་ཐང་སྒོར་དུང་ཕྱུར་17ཟིན་གྱི་ཡོད། གཏན་ཚུགས་ནོར་རྫས་དེ་ནི་ཏེར་ཝེ་ཀུང་སིས་བརྒྱུད་ཚོང་སྒྲིག་འཛུགས་བྱེད་རིང་ཉོ་སྒྲུབ་བྱས་པ་ཞིག་ཡིན་པ་རེད།
    དེ་སྔོན་གནས་ཚུལ་སྤེལ་ནས།  ཀྲང་ཐིང་ཁྱོ་ཤུག་གི་ཀུང་སིའི་མིང་འོག་ཏུ་ཡོད་པའི་ཁང་པ་96སྒོ་ཐེལ་རྒྱབ་པ་དང་རིན་ཐང་སྒོར་དུང་ཕྱུར་17ཟིན་གྱི་ཡོད་ཅེས་འཁོད་ཡོད།

    གསར་འགོད་པས་དབང་གྲགས་ཆ་འཕྲིན་ཡོང་ཁུངས་གཉིས་བརྒྱུད་ནས་ཐོབ་པའི་ཧུའུ་པེ་ཞིང་ཆེན་པའོ་ཁང་རྫོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཏོན་པའི་ཏེར་ཝེ་ཀུང་སིར་དམིགས་པའི་ཆད་གཅོད་ཐག་གཅོད་ཡི་གེ་ལས་མངོན་པར་གཞིགས་ན། ཏེར་ཝེ་ཀུང་སིས་སྤྱི་ལོ་2018ལོའི་ཟླ་1ཚེས་1ཉིན་ནས་སྤྱི་ལོ་2021ལོའི་ཟླ་7པའི་བར་གཱ་དམར་ཚོགས་མི་ཁྲི་65འཕེལ་རྒྱས་བཏང་བ་དང་། གཱ་དམར་གྱི་གཙོ་གཉེར་ལས་སྒོའི་ཡོང་སྒོ་སྒོར་དུང་ཕྱུར་91ཟིན་ཡོད་པ་དང་། ཁེ་སྤོགས་སྒོར་དུང་ཕྱུར་0.1927ཟིན་གྱི་ཡོད། ཏེར་ཝེ་ཀུང་སི་ནི་བརྒྱུད་ཚོང་བྱ་སྤྱོད་གྱི་གྲོས་འགོ་འདོན་མཁན་དང་། སྒྲིག་འཛུགས་བྱེད་མཁན། ཇུས་འགོད་མཁན། དོ་དམ་པ་བཅས་ཡིན་པའི་ཆ་ནས། བརྒྱུད་ཚོང་སྒྲིག་འཛུགས་ཇུས་འགོད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཉེར་ཡོད་པས་སྒོར་ཁྲི་2097ཆད་གཅོད་བཏང་ཡོད་པ་རེད།

    དོ་སྣང་བྱེད་དགོས་པ་ཞིག་ནི། ཏེར་ཝེ་ཀུང་སིའི་སྒོ་ཐེལ་རྒྱབ་པའི་ཁང་པ་96 སྒོར་དུང་ཕྱུར་17ནི་ཀུང་སེ་དེས་བརྒྱུད་ཚོང་སྒྲིག་འཛུགས་བྱེད་རིང་ཉོ་སྒྲུབ་བྱས་པ་ཞིག་ཡིན་པ་རེད།
    མིག་སྔར། ཧུའུ་པེ་པའོ་ཁང་རྫོང་གིས་ཏེར་ཝེ་ཀུང་སིའི་བརྒྱུད་ཚོང་གཏན་འཁེལ་བྱེད་པའི་འབྲེལ་ཡོད་ཡིག་ཆ་ཡོངས་བསྒྲགས་བྱས་མེད།
རྩོམ་སྒྲིག་པ། བདེ་སྒྲོན།