ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

སྙེ་མོ་རྫོང་དུ་གན་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།

སྤེལ་དུས 2022-04-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་གན་རྒྱའི་ཁ་བསླུས་རྒྱག་པའི་མུ་འབྲེལ་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པར་གྱོད་འབྲེལ་མ་དངུལ་སྒོར་ཁྲི200ཟིན་པ་རེད། གྱོད་གཞིའི་དུས་ཚོད་ནི2021ལོའི་ཟླ11པའི་ཚེས4ཉིན་བར་ཁུངས་འདེད་བྱས་ཆོག སྙེ་མོ་རྫོང་ནས་ཡིན་པའི་མང་ཚོགས་བསྟན་ཆེ་གེ་མོས་སྙན་སེང་ཞུས་ནས་བརྗོད་དོན། རང་ཉིད་དང་འདམ་གཞུང་ནས་ཡིན་པའི་མི་སྣ་ཁྲི་ཆེ་གེ་མོས་རླངས་འཁོར་ཉོ་ཚོང་གི་གན་རྒྱ་བཞག་པ་དང་། མགོ་སྐོར་ཐེབས་པའི“པེ་པུན”རྟགས་ཅན་གྱི་རང་འབེབས་ཟོག་འདྲེན་རླངས་འཁོར་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་རེ་བ་ཞུས་པ་རེད།
          ཉེན་བརྡ་འབྱོར་རྗེས་གྱོད་གཞི་འདིའི་གྱོད་འབྲེལ་མི་སྣ་མང་བ་དང་། ཁྱབ་རྒྱ་ཆེ་བ། གྱོད་གཞི་རྙོག་འཛིང་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པའི་རྐྱེན་གྱིས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་དུས་ཐོག་ཏུ་ཅུས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུས་པ་མ་ཟད། ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་མར་མི་སྣ་སྒྲིག་འཛུགས་བྱས་ཏེ་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཅུས་ཐད་གཏོགས་ལས་སྒོའི་སྡེ་ཚན་ཁག་ནས་སྟོབས་ཤུགས་ཧྲག་པོ་སྐོང་འཐེན་བྱས་ཏེ་ཆེད་དོན་ཚོ་ཆུང་བཙུགས་པ་དང་ཆབས་ཅིག གྱོད་དོན་དབྱེ་ཞིབ་ཚོགས་འདུ་ཐེངས་མང་འཚོགས་ནས་དཀའ་གནད་སྒྲོལ་བར་ཞིབ་འཇུག་ཚགས་དམ་པ་བྱས་ནས། དོགས་ཡོད་ཉེས་ཅན་ཁྲི་ཆེ་གེ་མོའི་ཁྲིམས་འགལ་ཉེས་བསགས་ཀྱི་དཔང་རྟགས་སླར་ཡང་སྐོང་ལེན་བྱས་ནས་དཔང་རྟགས་གལ་ཆེན་རྣམས་སླར་གསོ་བྱས་ཡོད། 2021ལོའི་ཟླ11པའི་ཚེས26ཉིན་དོགས་ཡོད་ཉེས་ཅན་ཁྲི་ཆེ་གེ་མོ་ཁྲིམས་ལྟར་འཛིན་བཟུང་བྱས་པ་དང་། ཟླ11པའི་ཚེས27ཉིན་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས། ཟླ11པའི་ཚེས18ཉིན་སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་བརྒྱུད་ལྷ་ས་གྲོང་ཁྱེར་ཉེས་ཅན་ལྟ་སྲུང་ཁང་དུ་བཀག་ཉར་བྱས་པ་རེད།
          གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། གྱོད་གཞི་མྱུལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ཆེད་དོན་ཚོ་ཆུང་གིས་ཉིན45ལྷག་ལ་སྔ་རྗེས་སུ་ས་ཁུལ་དང་གྲོང་ཁྱེར6དང་རྫོང15ལ་བསྐྱོད་དེ་ཡུལ་དངོས་བརྟག་དཔྱད་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཁྲི་ཆེ་གེ་མོས་རང་ཉིད་ལ་ལས་ཡུལ་ཞིག་ཏུ་ཨར་ལས་རླངས་འཁོར་ཞིག་ཡོད་པར་ཁ་གཡར་ནས་དེའི་ཁྲོད་ནས་གླ་ཆ་རག་པའམ་ཡང་ན་ཁྱིམ་ནང་གི་ཕྱུགས་ཟོག་མང་ཙམ་བཙོངས་ཆོག་པ་དང་། ཁག་ཐེག་བྱེད་མཁན་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཡིན་པ། གལ་ཏེ་རང་ཉིད་ཀྱིས་གན་རྒྱའི་འོས་འགན་སྒྲུབ་མ་ཐུབ་ཚེ་ཁག་ཐེག་པས་དངུལ་བུན་གཡར་ནས་རླངས་འཁོར་ཉོས་པའི་དངུལ་སྤྲོད་དུ་འཇུག་པ་སོགས་ཀྱི་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ཁ་ཆད་ལག་བསྟར་བྱེད་ནུས་སྒྲོ་འདོགས་བྱས། དོན་དངོས་རྫུན་བཟོ་དང་གནས་ཚུལ་ངོ་མ་སྦས་གསང་བྱས་རྗེས། བསོད་ཆེ་གེ་མོ་དང་མཉམ་དུ་ཐེངས་མང་པོར་ཕན་ཚུན་ཁག་ཐེག་བྱས་ནས་གན་རྒྱའི་རྣམ་པའི་ཐོག་ནས་མི་གཞན་གྱི་རླངས་འཁོར་ལ་ཁ་བསླུས་རྒྱག་གིན་ཡོད། ཆེད་དོན་ཚོ་ཆུང་གིས་ཁྲི་ཆེ་གེ་མོས་ཁྱོན་བསྡོམས་མང་ཚོགས20ལ་ཁ་བསླུས་བརྒྱབ་པ་དང་། མགོ་སྐོར་ཐེབས་པའི་རླངས་འཁོར20། གྱོད་འབྲེལ་མ་དངུལ་སྒོར་ཁྲི200ཟིན་པ་བཅས་གཏན་འཁེལ་བྱས།

          གྱོད་གཞི་དེ་གང་མགྱོགས་ཀྱིས་རྩད་ཆོད་ཐུབ་པ་དང་གནོད་འཚེ་ཕོག་མཁན་གྱི་དཔལ་འབྱོར་གྱོང་གུན་ནུས་ཤུགས་ཡོད་རྒུས་སེལ་ཆེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དཔང་རྟགས་ལེན་པའི་ས་ཁོངས་ཀྱི་བརྒལ་ཚད་ཆེ་བ་དང་། དཔང་རྟགས་ལེན་པའི་མི་གྲངས་མང་བ། བརྟག་དཔྱད་དཔང་ལེན་གྱི་དཀའ་ཚད་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་གནོད་འཚེ་ཕོག་མཁན་གྱི་ཞིབ་བརྗོད་དང་། ཉོ་ཚོང་གན་རྒྱ། མ་དངུལ་རྩིས་སྒྱུར་ཟིན་ཐོ། སྐད་འཕྲིན་གྱི་གླེང་མོལ་ཟིན་ཐོ། དཔང་མིའི་དཔང་ཚིག མི་དམངས་ཁྲིམས་ཁང་རིམ་པ་ཁག་གི་བཅད་ཁྲ་སོགས་གྱོད་གཞི་བཟོ་བའི་དཔང་རྟགས་ཁུངས་བཙན་ཡོད་པ་བཅས་ཀྱིས་ཁྲི་ཆེ་གེ་མོས་གན་རྒྱའི་ཁ་བསླུས་རྒྱག་བཞིན་པའི་བྱེད་སྤྱོད་གཏན་འཁེལ་བྱས་པ་རེད། ད་ཆ་རླངས་འཁོར17(དེའི་ནང་ཁྲིམས་ལྟར་བཀག་ཉར་བྱས་པའི་རླངས་འཁོར3ཡོད་པ)རྩད་ཆོད་པ་དང་རླངས་འཁོར3ལ་ཞིབ་བཤེར་ཚོད་འཛིན་བྱས་ཡོད། 2022ལོའི་ཟླ4པའི་ཚེས25ཉིན་གྱོད་གཞི་འདིའི་མྱུལ་ཞིབ་མཇུག་འགྲིལ་བ་དང་འབྲེལ་སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་རེད།

          གོམ་སྟབས་རྗེས་མར། སྙེ་མོ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱས་ནས་ཡུལ་དེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བར་ཅི་ནུས་ཀྱིས་སྟོབས་ཤུགས་འདོན་རྒྱུ་ཡིན་པ་རེད།