ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་མཚོ་ནུབ་ཁུལ་གྱི་རྡོ་སོལ་ཁེ་ལས་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་པ།

སྤེལ་དུས 2022-08-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཟླ8པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་རེའི་ཁྲིམས་འཛིན་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་ནས། ཟླ7པའི་ཚེས19ཉིན་ནས་ཟླ7པའི་ཚེས26ཉིན་བར། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཁྲིམས་འཛིན་མི་སྣ་དང་ཆེད་མཁས་པའི་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡུས་ཁ་ཁྲོན་པ་དང་པོ་དང་། ཡུས་ཁ་ཁྲོན་པ་གཉིས་པ། ཝུའུ་ཚའེ་ཐུང་ཀྲིན་རུང་ཡུས་ཁ་རྡོ་སོལ་གཏེར་ཁ། མཚོ་སྔོན་དབྱི་ཧའེ་ནུས་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས། 
  ཞིབ་བཤེར་ཚོགས་ཆུང་གིས་སྙན་ཞུ་ཉན་པ་དང་རྩིས་ཁྲའི་ཡིག་ཆ་ཞིབ་བཤེར་བྱས་པ་བརྒྱུད། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་། གསོ་སྦྱོང་ལམ་ལུགས་གཏན་འབེབས་དོན་འཁྱོལ་བྱས་ཚུལ། དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་། མི་མངོན་པའི་གནོད་འཚེའི་རྒྱུ་རྐྱེན་ལ་ཞིབ་བཤེར་བྱེད་པ། ལོ་གསུམ་གྱི་ཆེད་དོན་བྱ་སྤྱོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། ཁྲོན་འོག་གི(སྔོག་འདོན)རྡོ་སོལ་གཏེར་ཁུལ་གྱི་ཆུ་སྐྱོན་འགོག་བཅོས་དང་། སོལ་རླངས་འགོག་བཅོས། སྐྱེལ་འདྲེན་མ་ལག་མཐོར་འདེགས་སུ་གཏོང་བ། རང་བྱུང་གཏེར་རིའི་མཐའ་མཚམས་དོ་དམ་སོགས་སུ་ཞིབ་བཤེར་བྱས། ཐེངས་འདིའི་ཞིབ་བཤེར་ནང་ཁྲིམས་འགལ་གྱི་བྱ་སྤྱོད་དང་གནད་དོན་གྱི་མངོན་མེད་རྐྱེན་ངན་ཁག33ཤེས་རྟོགས་བྱུང་ནས། ཕྱི་རོལ་གྱི་རྡོ་སོལ་གཏེར་ཁའི་རི་ཉིལ་བའི་ཉེན་ཁ་ཡོད་པའི་ལས་སྒྲུབ་ས་ཚིགས་ཤིག་ལ་མྱུར་དུ་ལས་མཚམས་འཇོག་ཏུ་བཅུག་ནས། ཉེན་ཟོན་གྱི་མཚོན་རྟགས་བཙུགས་ཏེ་མི་སྣ་དང་རླངས་འཁོར་གཏན་འགོག་བྱས། ཤེས་རྟོགས་བྱུང་བའི་ཁྲིམས་འགལ་བྱ་སྤྱོད་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་དང་ཐག་གཅོད་བྱེད་བཞིན་ཡོད།  །
  ཞིབ་བཤེར་ཚོགས་ཆུང་གིས་ཏ་ཁྲའེ་ཏན་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་ཁྲིམས་བསྟར་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱས། དེ་དང་ཆབས་ཅིག་མཚོ་ནུབ་ཁུལ་གྱི་རྡོ་སོལ་གཏེར་ཁ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱི་རྡོ་སོལ་གཏེར་ཁ་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ། ཀན་སུའུ་ཅིང་ཐའེ་རྫོང་ཧུང་ཧྲེང་གཏེར་ལས“7·23”ལས་འཛོལ་ལ་བརྡ་ཁྱབ་བཏང་ནས། རྡོ་སོལ་གཏེར་ཁའི་ཁེ་ལས་དང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཕྱི་ནང་གི་གཏེར་རིའི་ལས་འཛོལ་གྱི་བསླབ་བྱ་ནན་ཏན་གྱིས་དང་ལེན་བྱས་ཏེ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་བདེ་འཇགས་གསོ་སྦྱོང་དང་། ཉེན་ཁ་དཔྱད་དཔོག་དང་དེ་བཞིན་མངོན་མེད་རྐྱེན་ངན་བཅོས་སྐྱོང་། འཕྲལ་སྡོམ་ནང་སྦྱོང་། ཡིག་ཚགས་དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ། རྡོ་སོལ་གཏེར་ཁའི་ཁྲིམས་བསྟར་ཞིབ་བཤེར་ཐེངས་གྲངས་ཇེ་མང་དུ་གཏོང་བ་དང་། ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་ཡིག་ཆ་སྔར་ལས་ཚད་ལྡན་དུ་གཏོང་བ། རྒྱལ་ཁབ་ཀྱི་རྡོ་སོལ་གཏེར་ཁའི་བདེ་འཇགས་ཁྲིམས་བསྟར་མ་ལག་བེད་སྤྱོད་ལེགས་པོ་བཅས་བྱས་ཏེ། རྡོ་སོལ་གཏེར་ཁའི་བདེ་འཇགས་ཐོན་སྐྱེད་ཀྱི་བརྟན་ལྷིང་གནས་བབ་ལ་ནུས་ལྡན་ངང་སྲུང་སྐྱོང་བྱས།