ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

ཆེས་གནའ་དུས་དང་བོད་བཙན་པོའི་སྐབས་ཀྱི་ཚོགས་ནང་གཡུའི་རིན་ཐང་གི་ལྟ་བའི་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2019-03-11 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། སྟོབས་ལྡན།
          མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“སྟོད་མངའ་རིས་དང་རྒྱ་གར་མཚམས་ཀྱི་མཐའ་ལ་གནས་པའི་ཡུལ་ཆུང་མང་པོ་ཞིག་གི་སྐད་ཀྱང་ཨ་མདོའི་སྐད་དང་ཤིན་ཏུ་མཐུན། བུད་མེད་རྣམས་ཀྱི་ཆས་ཀྱང་རྒྱབ་ཏུ་རས་ལྷེབ་མོ་ཞིག་འཔྱངས་ཏེ་དེར་གཡུ་སོགས་བསྒྲིག་པ་ཨ་མདོ་འདྲ་” ①ཞེས་གཡུ་འདི་ཡང་བོད་ཀྱི་རང་སྐད་དང་ཆ་འདྲ་བར་བོད་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་པ་མ་ཟད། བོད་རང་གི་མཛེས་ཆས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་མི་རིགས་རང་གི་ཁྱད་ཆོས་མཚོན་ཐུབ་ཅིང་འཛིན་པ་ཞིག་ཡིན་པ་ངེས་ཐུབ། ལྷག་པར་དེང་དུས་ཀྱང་ཁ་རྒྱུན་དུ་“གཡུ་བྱུར་”ཞེས་བྱུ་རུའི་སྔོན་དུ་གཡུ་འཇོག་པ་འདི་ལ་བསམས་ན་གོ་རྒྱུ་ཆེན་པོ་ཡོད་པར་མངོན་ཏེ། དཔེར་ན། གསེར་དངུལ། ཟངས་ལྕགས། བཟང་ངན་ཡག་བཙོག དགེ་སྡུག་ལེགས་ཉེས་ལྟ་བུ་རྒྱུག་ཆེ་བའི་མིང་བརྡ་འདི་རིགས་སྔ་མ་ནི་ཕྱི་མ་ལས་མཆོག་ཏུ་གྱུར་པ་ཤ་སྟག་འདུག་པ་འདི་དོན་དམ་པར་ཆེས་གནའ་དུས་གཡུ་བྱུ་རུ་ལས་མཆོག་ཏུ་བརྩི་བ་ཤུགས་ནས་ངེས་ན་ཡང་། ཕྱིས་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་འཕོ་འགྱུར་སྣ་ཚོགས་ལ་བརྟེན་གཡུའི་རིན་ཐང་གི་འཇོག་ལུགས་ལའང་སྣང་ཚུལ་མི་འདྲ་བ་བྱུང་བས་དེང་གཡུ་གཙིགས་སུ་མི་འཛིན་པའི་སྣང་ཚུལ་འདི་རིམ་གྱིས་ཆགས་པ་འདྲ། གང་ལྟར་ཆེས་གནའ་དུས་ཀྱི་ཆོས་ལུགས་རིག་གནས། ཆབ་སྲིད། དམག་དོན་བཅས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཡོངས་ལ་གཡུས་ཐོབ་ཐང་དང་རིན་ཐང་གི་གོ་གནས་གལ་ཆེན་བཟུང་བ་སྔོན་གྱི་ཡིག་ཚང་དག་ན་གསལ། དེ་ལྟར་ན་“གཡུ་བྱུར་”ཞེས་པ་འདིའི་བརྡ་སྔོན་གྱི་ལུགས་དང་གོ་དོན་དེང་གི་སྤྱི་ཚོགས་ཁྲོད་ཀྱི་གཡུའི་རིན་ཐང་གི་གནས་བབ་དང་བསྟུན་པར་སྦྱར་ན་ཞྭ་དཔེ་ལྷམ་འགེབས་ལྟ་བུར་འགྲོ་ཉེན་ཆེ་ན་འདིར་རིག་པ་དྭངས་མོས་དཔྱད་པར་བྱ་བའི་གནད་དམ་པ་ལགས།
          དང་པོ། གཡུའི་རང་བཞིན་དང་ལོ་རྒྱུས་ཀྱི་སྐོར།
          མངོན་བརྗོད་མཁས་པའི་རྣ་རྒྱན་ལས། “སོ་མཱ་ཛ་ཞེས་བྱ་བའི་གཡུ། ། རིན་པོ་ཆེ་ཡི་རྒྱལ་པོའང་། ། རྡོ་ཡི་རྒྱལ་པོ་ཉིད་དུ་བརྗོད། ། ” ②ཅེས་དང་། དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་དཔྱད་ཤེལ་གོང་ཤེལ་ཕྲེང་ལས། “བེེ་རཱ་ཛ་ཞེས་བྱ་བའི་རིན་པོ་ཆེ་སྟེ་རིན་པོ་ཆེ་རྒྱལ་པོའམ། རྡོའི་རྒྱལ་པོ་ལ་འཇུག” ③ཅེས་པ་ལས་གཡུའི་རང་བཞིན་ནི་རྡོ་བ་འབའ་ཞིག་ལས་གྲུབ་པ་དང་། འདི་ལ་རྒྱ་གར་བའི་ལུགས་ཀྱིས་དབྱེ་ན་རིགས་བཞི་དང་བོད་ལུགས་སུ་རིགས་བརྒྱད་དུ་འབྱེད་པའི་སྲོལ་སོགས་རིགས་ལ་ནང་གསེས་མི་མཐུན་པ་མང་། གཡུ་འདི་དུས་ནམ་ཞིག་གི་ཚེ་ནས་བཟུང་བོད་དུ་དར་སྲོལ་བྱུང་མིན་ལ་ཁ་ཚོན་གཅོད་དཀའ་ཡང་། མཚོ་ལྷོའི་ས་ཁུལ་ནས་ཐོན་པའི་“རྫོང་རུའི་གནའ་ཤུལ་བང་སོ”ལས་གཡུ་རྙིང་མང་དུ་རྙེད་བྱུང་བས་བང་སོ་འདི་ནི་“མིག་སྔར་རྨ་ཆུའི་སྟོད་རྒྱུད་ནས་ཐོན་པའི་དུས་རབས་ཆེས་སྔ་བ་དང་། རྒྱ་ཁྱོན་ཆེས་ཆེ་བ། དཔྱད་གཞིའི་རིན་ཐང་ཆེས་འཛོམས་པའི་རྡོ་ཆས་གསར་པའི་དུས་ཀྱི་གནའ་ཤུལ་ཞིག་ཡིན”④པས། འདི་ལས་མ་མཐའ་ཡང་་ལོ་ངོ་སུམ་སྟོང་ཡར་སྔོན་གྱི་མིས་ཀྱང་གཡུ་ལ་མཐོང་ཆེན་བྱེད་པ་མཐོང་ཐུབ་པ་དང་། དེ་བཞིན་རོ་སྒྲུང་ལས་ཀྱང་“རོ་དངོས་གྲུབ་ཅན་ཞེས་བྱ་བ། རྐེད་པ་མན་ཆད་གསེར་ལས་གྲུབ་པ། ཁོག་སྟོད་གཡུ་ལས་བྱས་པ། མགོ་བོ་དུང་གི་ཐོར་ཅོག་ཅན་གཅིག་ཡོད་པ་དེ་ལོན་ན་”⑤ཞེས་དང་། ད་དུང་གདོད་མའི་བོན་གྱི་ལུགས་སུ། “རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། ། སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི། ། དགའ་བ་མེ་ཏོག་མཛེས་པའི་ཚལ། ། ཀློང་དགུ་འབྱུང་བའི་སྙིང་པོ་ལས། ། གླིང་དགུར་འཁྱིལ་བའི་རྒྱ་མཚོ་ན། ། གཡུ་སྒོང་འོད་ཀྱིས་བརྒྱན་པ་ཅིག ། ......”⑥ཅེས་དང་། “གཤེན་རབ་སྐུ་ལའང་གསེར་གྱི་ཟངས་གྲི་བརྒྱབ་པས་མ་ཟུག་པར་གཡུ་ཡི་གཡུང་དྲུང་དུ་སོང་། ། ”⑦ཡང་“གསེ་སྦལ་ལས་གསེར་གྱི་མི་ལ་གཡུའི་བྱ་རུ་ཅན། གསེར་གྱི་ནམ་བཟའ་གསོལ་བ། ཤེལ་གྱི་ཕྲེང་བ་འཆང་བ་ཞིག་གདའ། གཡུའི་ཉ་ལས་གཡུའི་མི་ཕོ་གསེར་ཐོད་བཅིངས་པ། དར་ཚོན་སྣ་ལྔའི་ནམ་བཟའ་སྐུ་ལ་གསོལ་བ། ། གཡུའི་རྔ་དིང་བ་བསྣམས་པ་གཅིག་གདའ་འོ། ” ⑧ཞེས་གཡུ་བྱ་བའི་ཐ་སྙད་མང་དུ་འབྱུང་བ་སོགས་ལ་གཞིགས་ན་ཆེས་གནའ་དུས་ཀྱི་བོད་མིའི་སེམས་ངོས་ན་གཡུ་ནི་གཞན་དངོས་པོ་གང་གིས་ཀྱང་བསྒྲུན་དུ་མེད་པ་ཞིག་ཡིན་པ་གོར་མ་ཆག གཡུ་ཡུལ་གང་ཞིག་ནས་ཐོན་པར་གསལ་ཁ་ཆེ་བ་ཞིག་མཐོང་མ་བྱུང་ཡང་། ཁ་ཆེ་གཡུ་རྫོང་ལས། “ཁ་རི་གླང་ཆེན་མཁུན་རི་ཡི།  །བྱེ་རི་བྱིས་སྒྲོ་རྒྱལ་འདྲིའི་དཀྱིལ། ། མཚལ་གྱི་གཡུང་དྲུང་གཡས་འཁྱིལ་གྱི། ། སྟེང་དུ་སོར་གསུམ་ལྷག་པའི་མཚམས། །གཏེར་རྟགས་མཚལ་གྱི་ཐིག་ལེ་ལ། །ཚངས་པའི་རྡོ་རྗེ་རྩེ་དགུ་ཡིས། ། ཐོགས་མེད་གཏོར་བའི་ནང་ཤད་ན། ། རྡོ་སྦྱིན་སྦྱར་བའི་རྡོ་ཡི་སྒྲོམ། ། གྲུ་བཞི་འདྲ་འདྲ་བཅུ་གསུམ་ཡོད། ། གཏེར་བདག་བཙན་ལ་གསོལ་མཆོད་བརྩོན། ། མ་ནོར་རིམ་པར་ཕྱེ་བའི་ནང་། ། མི་འགྱུར་རིན་ཆེན་གཡུ་ཡིས་གང་།  ། གང་འདོད་འཇོ་བའི་སྙིང་རྗེ་གཏེར། ། རྗེ་བཙུན་རྒྱལ་མཆོག་གཏེར་ཀལ་བཞེས”⑨ཞེས་པས་རྡོའམ་བྲག་ལས་བྱུང་བར་བསྟན་པ་དང་། གཞན་ཡང་ཤེལ་གོང་ཤེལ་ཕྲེང་ལས། “འདི་རྣམས་ནི་རྒྱ་གར་ན་ཡེ་མེད་པས་མཚོ་མ་དྲོས་པའི་གཏིང་ན་ཡོད་པས། ཟླ་བ་བདུན་པའི་ཆར་ཞོད་དུས་མཚོ་དང་བོད་གངས་ཅན་དུ་འབབ་པའི་ཆུ་འབྲུབས་པས་རྐྱེན་བྱས་ནས་གངས་ཅན་དུ་ཐོར་བུ་འབྱུང་བ་དང་། འགའ་ཞིག་རྒྱ་ནག་དང་ཞང་ཞུང་ནས་ཀྱང་འབྱུང་ངོ་” ⑩ཞེས་པས་མཚོ་མ་དྲོས་མཚོ་སོགས་ལས་ཐོན་པར་བཤད་པ་བཅས་ལ་བསམས་ན་མཚོ་དང་གནས་རིའམ་བྲག་རི་འགངས་ཆེ་བ་གཉིས་ཀ་ནས་བྱུང་བ་དང་། ཡུལ་ལ་རྒྱ་དང་ལྷག་པར་བོད་དང་ཞང་ཞུང་ནས་འབྱུང་བ་ཆེས་མང་བར་མངོན་ཏེ། ཏུན་ཧོང་ཤོག་དྲིལ་དུ་“སྤུག་གྱིམ་བརྩན་རྨང་ཅུང་བཀའ་སྩལ་ཏེ། ། མཁར་ཁྱུང་ལུང་དུ་མཆིས་ན། ། བཙན་མོ་མྱི་བཞུགས་ཏེ། ། ཆབ་ཉ་ལ་རོལ་ཞིང་། མཚོ་མ་པང་དུ་གཤེགས་ནས། རྨང་ཅུང་མ་པང་དུ་མཆི་སྟེ། ། བཙན་མོ་ཞ་སྔར་ཕྱག་བགྱྀས་ན། ། བཙན་མོ་ཞལ་ནས། ། བཙན་པོ་དྲལ་གྱྀ་ཞ་སྔ་ནས། ། ཐུགས་བདེའམ་མྱི་བདེ་ཞེས་བཀའ་སྩལ་ཏོ། ......གྱིམ་བརྩན་རྨང་ཅུང་སླར། ། བཙན་པོ་སྤྱན་སྔར་མཆིས་ནས། ། བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས། ། མགུར་བླངས་པའྀ་ཚིག་ནི་འདྀ་ཞེས་མཆི། ། པྱག་རྒྱས་བཏབ་སྟེ་སྐུར་བ་འདི་ལགས་ཤེས་གསོལ་པ་ལས། ། ཞུ་ཕྱག་རྒྱ་པྱེ་སྟེ། གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ་”⑾ལྟ་བུ་སོགས་འབྱུང་བས་བཙན་པོ་སྲོང་བཙན་གྱི་ལྕམ་སྲིང་སད་མ་ཀར་གྱིས་ཀྱང་གཡུ་བསྐུར་ཡུལ་དེ་མཚོ་མ་ཕམ་ནས་ཡིན་པ་འདི་ལས་གོང་གི་འགྲེལ་ལུགས་དང་མཐུན་པར་གོ་རྒྱུ་ཆེན་པོ་ཡོད་པར་ངེས། དེས་ན་གཡུ་ནི་གཙོ་ཆེ་བ་བོད་ཀྱི་ཡུལ་ནས་ཐོན་ཅིང་བོད་ཀྱི་ཆེས་གདོད་མའི་མེས་པོ་རྣམས་ཀྱི་རིང་ནས་དེང་དུས་བར་བརྒྱུད་པའི་གཅེས་ནོར་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པའོ།
          གཉིས། ཆེས་གནའ་དུས་ཀྱི་གཡུའི་རིན་ཐང་གི་སྐོར།
          ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་བླ་བླུའི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད་བྱ་བ་ལས། “ཆེད་དུ་གཉེར་ནས་བསད་པ་མ་ཡིན་པའི་ཕོ་མོའི་བབས་བསྟུན་གྱི་ལུག་གི་བསད་ཤ་རུལ་སུམ་(སུངས་)མེད་པ། ཕོ་ལ་རྐང་པ་གཡས་པ། མོ་ལ་གཡོན་པ། དེའི་ཟུར་དུ་བླ་གཡུ་བཟང་པོ་དང་། ནས་དཀར་སྒྲུབ་བྱའི་ལོ་གྲངས་དང་མཐུན་པར་རས་དཀར་གྱིས་བཏུམ་པ་བླུག དེའི་ཕྱི་བལ་དཀར་གྱིས་བཏུམས་པ་རས་དཀར་དྲི་མ་མེད་པས་དྲིལ་ཏེ་” ⑿སོགས་བླ་གཡུ་ཞེས་པའི་བརྡ་ཆད་གཞུང་འདི་ལས་མང་དུ་འབྱུང་བ་འདི་རིགས་ཆེས་གདོད་མའི་བོད་ཀྱི་ལྷ་སྒྲུང་དང་གཏམ་རྒྱུད་སོགས་སུ་མིའི་ཚེ་སྲོག་གི་རྟེན་གཞི་བྱེད་པའི་བླ་ཤིང་དང་། བླ་རྡོ། བླ་རི་སོགས་དང་། ད་དུང་གླིང་སྒྲུང་སོགས་ནས་བཤད་པའི་བླ་ལྕགས་དང་བླ་མཚོ། བླ་བྱ། བླ་སྟག བླ་འབྲོང་སོགས་བླ་སྲོག་དང་འབྲེལ་བ་ཆེ་བའི་ཕྱི་རོལ་གྱི་དངོས་པོ་དག་དང་ཕན་ཚུན་གཅིག་འདྲ་འདུག བླ་སྒྲུབ་ལུགས་ཀྱི་ཆོ་གའམ་བླའི་རྣམ་བཞག་འདི་ཆེས་གདོད་མའི་མིའི་རིགས་ཀྱིས་ཐུན་མོང་དུ་དད་མོས་བྱེད་སྟངས་དང་འདུ་ཤེས་འཛིན་སྟངས་ཤིག་སྟེ། གསེར་གྱི་ཡལ་ག་ལས། “གདོད་མའི་མི་རྣམས་ཀྱིས་རང་ཉིད་ཀྱི་རྣམ་ཤེས་སམ་བླ་སྲོག་དེ་ལུས་ཕུང་ལས་ཕྱིར་ཕྱུང་སྟེ། འཇིགས་པ་མེད་པའི་གནས་ཉམས་དགའ་བ་ཞིག་ཏུ་བཞག་ནས་ངེས་པར་བདེ་རུ་བཅུག་ཅིང་། ཉེན་སོགས་ཞི་རྗེས་སླར་ཡང་ལུས་ཕུང་ལ་འཇུག་པར་བྱེད་པ་དང་། ཡང་ན་ཁོས་འཇིགས་པ་མེད་པ་ཐག་ཆོད་པའི་ཁོར་ཡུག་ཅིག་བཙལ་ཏེ་ཡིད་བདེ་བའི་ངང་རང་ཉིད་ཀྱི་རྣམ་ཤེས་ཡུན་རིང་དུ་དེར་སྦ་བར་བྱེད། འདི་འདྲ་བྱས་པའི་དགེ་མཚན་ནི་རྣམ་ཤེས་ལ་གནས་དེ་ནས་འཚེ་བ་མ་བྱུང་ཚེ་མི་དེ་ནམ་ཡང་འཆི་བར་མི་འགྱུར་ཏེ། རྒྱུ་མཚན་ནི་ཁོ་རང་གི་སྲོག་གམ་བླ་དེ་ཕུང་པོ་ལ་གནས་མེད་པས། རྐྱེན་གང་གིས་ཀྱང་ཁོ་རང་ཤི་རུ་འཇུག་མི་ཐུབ་”⒀ཅེས་གདོད་མའི་བོན་གྱི་ལུགས་ལས་འབྱུང་བའི་བླའི་ཆོ་ག་དང་ཧ་ཅང་ཆ་འདྲ་བར་བླ་བཅོལ་བའམ་བླའི་རྟེན་བྱེད་པའི་སྲོག་ཆགས་དང་དངོས་པོ་མང་དུ་བསྟན་པ་དང་། ལྷག་པར་སྲོག་ཆགས་དང་དངོས་པོ་འདི་རིགས་རང་བཞིན་སྤྱིར་བཏང་གི་དངོས་པོ་ཞིག་མ་ཡིན་པར་འཇིག་རྟེན་ན་ཆེས་དཀོན་ཅིང་མཆོག་ཏུ་བརྩི་བ་ཤ་སྟག་ཡིན་པ་འདི་ལས་གཡུའི་རིན་ཐང་དང་གོ་གནས་ཀྱང་རང་བཞིན་གྱིས་ཤུགས་ནས་རྟོགས་ཐུབ་པ་དང་། དེས་མ་ཚད་ཞིབ་ཏུ་བསམས་ན་གཡུ་འདི་ཆེས་གནའ་དུས་ཀྱི་ཆོས་ལུགས་ཀྱི་ནང་དུ་རྒྱུག་ཆེ་བ་དང་བཀོལ་སྤྱོད་བྱས་པའང་ཅུང་མང་བ་འདྲ་ཆེ། ཏུན་ཧོང་ཤོག་དྲིལ་ནས་ཐོན་པའི་མོ་ཡིག་འགའ་ཞིག་ཏུའང་གཡུ་ཞེས་མང་དུ་འབྱུང་བ་དཔེར་ན། “ཀྱེ། རི་སྤངས་ནྀ་ཉམས་བཟང་ལ། ། གཡུ་འྀ་ནི་ཤ་སྨད་འདྲིམ།།” ⒁ཞེས་དང་། ཡང་“གསེར་ལ་ནྀ་གཡུས་སྤྲས་ཞིང་། ། བཟང་མཐའ་ནི་ལྷོའི་དཀོར་”⒂ལྟ་བུས་འཐུས། དེ་བཞིན་ལོ་རྒྱུས་དང་ཆོས་འབྱུང་རྙིང་པ་ན་འཁོད་པའི་གཉའ་ཁྲི་བཙན་པོ་ལ་“མིག་མས་འགྲིབས་སུ་ཡོད་པ། གཡུའི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ” ⒃སོགས་སུ་བཤད་པ་ནི་ཆེས་གདོད་མའི་མི་རྣམས་ཀྱི་སེམས་ཁམས་དང་། ཡང་ན་གདོད་མའི་བོད་ལུགས་ཀྱི་རྣམ་པ་དངོས་ཤིག་མཚོན་པ་འདྲ། ཐུའུ་བཀྭན་གྲུབ་མཐའ་ལས་“ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས་”ཞེས་པ་ལྟར་འདོད་མའི་བོན་གྱི་ཆོ་ག་མང་པོ་ཕྱིས་བོད་དུ་དར་བའི་ནང་བསྟན་གྱི་གཞུང་དུ་འདྲེས་པ་བཞིན་གཡུ་འདི་ཡང་ནང་བསྟན་གྱི་ཆོ་གའི་ཁྲོད་མང་དུ་འབྱུང་སྟེ། ཁ་ཆེ་གཡུ་རྫོང་ལས། “དང་པོའི་ནང་དུ་གཡུའི་སྒྲོལ་མ་སྔོན་མོ་གྲུ་གང་དང་གཡུའི་ཁུ་བྱུག་རང་གྲགས་བཅས་བྱུང་། ། གཉིས་པའི་ནང་དུ་གཡུའི་ནོར་བུ་ཆ་བདུན། རིན་ཆེན་ཆ་བརྒྱད་བཀྲ་ཤིས་རྟགས་བརྒྱད། གསུམ་པའི་ནང་དུ་གཡུའི་གླེགས་ཤིང་བསྔར་ཡག གཡུའི་ཆོས་ཆབ་བཅུ་གཉིས་སོགས་ནང་རྟེན་ལས་ཟོག་རིན་ཐང་བྲལ་བ་སྣ་ཚོགས་” ⒄ཞེས་དང་། ད་དུང་ཆོས་འབྱུང་དང་གདན་རབས་དུ་མའི་ནང་“གཡུའི་སྒྲོལ་མ་རང་བྱོན། བྱུ་རུའི་ཚེ་དཔག་མེད། དུང་གི་ཐུགས་རྗེ་ཆེན་པོ”ལྟ་བུ་དང་། ཡང་ཤེལ་གོང་ཤེལ་ཕྲེང་ལས། “གཡུ་ཡིས་དུག་དང་མཆིན་ཚད་སེལ་བར་བྱེད་”⒅སོགས་འབྱུང་བས་གདོད་མའི་དུས་མི་རྣམས་རང་བྱུང་གི་ཆ་རྐྱེན་ཐབས་ཆག་དང་རང་བྱུང་གི་སྐྱེས་དངོས་ཁོ་ན་ཙམ་ལ་བརྟེན་ནས་འཚོ་ཐབས་བྱ་དགོས་ན། སྤྱིར་ཕྱི་རོལ་རང་བྱུང་ཁམས་ཀྱི་འཇིགས་པ་དང་། སྒོས་སུ་ཟས་གོས་སོགས་ནི་སྦྱར་དུག་དང་འགྱུར་དུག་རང་བཞིན་གྱི་དུག་བཅས་ནམ་རྒྱུན་འཕྲད་ངེས་པས་དགོས་པ་འདི་དག་གི་དབང་གིས་གཡུ་ཆེས་གནའ་དུས་ཀྱི་སྤྱི་ཚོགས་ཁྲོད་དར་ཁྱབ་བྱུང་བ་མིན་ནམ་སྙམ་པ་འདི་ད་དུང་དཔྱད་པར་བྱ་བའི་གནད་དོ།
          གསུམ། བོད་བཙན་པོའི་སྐབས་ཀྱི་གཡུའི་རིན་ཐང་གི་སྐོར།
          ཏུན་ཧོང་ཤོག་དྲིལ་ལས། “སྤྱན་གཟིགས་ཀྱི། མཚན་མ། ཡུལ་གྱི་སྣམས་ནས་འབྱུང་བའ། འབྲས་ཁལ་བཞྀ་བརྒྱ་ཞྀག་དང་། ཏོང་ལྀ་ཡྀབ་མའ་དགུ་ཁྲྀ་ཞྀག་བཙན་སུམ་རྗེ་སྨན་ཀོང་ལས་གསོལ་ཞིང་མཆིས་ན་བཞེས་པའ་ཙམ་དུ་རྗེ་ཆེན་པོ་དགུང་ནས་ཇྀར་གཟིགས། ཡྀ་གེ་འདྀ་འདྲྀ་བ་དེ་ནི་བཙད་པོའི་ཚ་བོ་ལགས་སོའ། ཁོ་བདག་ཀྱང་སྦྲུལ་གྱི་ལོའྀ་དཔྱིད་སླ་འབྲིང་པོ་ཚེས་བཅུ་བཞྀ་ལ་ཡྀག་ཙང་གཡུ་སྩལ་ཏེ་བློན་ཅེར་སྩལ་པར་ཆད་དོ”⒆ཞེས་གཡུ་རྨང་བརྩན་གྱིས་བློན་བཙན་བཟང་ལ་ཕུལ་བའི་ཡི་གེ་འདིའི་ནང་དུ་བོད་བཙན་པོ་དག་གིས་རང་ཉིད་ཀྱི་མངའ་འབངས་ལས་སྲིད་དང་དམག་དོན་ལ་བྱས་རྗེས་ཆེ་བ་ཅན་ལ་གཟེངས་བསྟོད་དང་བྱ་དགའ། ད་དུང་དམག་དོན་སོགས་ཡར་སྐུལ་ཡོང་ཆེད་ཡིག་ཚང་བསྩལ་བ་ཧ་ཅང་གསལ་བ་དང་། འདི་ལས་གཡུའི་ཡིག་ཚང་ཞེས་ཡིག་ཚང་ལ་རིམ་པ་མང་དུ་འབྱེད་པའི་ལུགས་སྲོལ་དང་། ཡིག་ཚང་རེ་རེ་ལའང་སྐབས་དེའི་སྤྱི་ཚོགས་ཁྲོད་ཐོབ་ཐང་དང་གོ་གནས་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། བོད་བཙན་པོའི་དུས་ཀྱི་སྤྱི་ཚོགས་ནང་གཡུའི་ཡིག་ཚང་བྱ་བ་འདི་ཧ་ཅང་རྒྱུག་ཆེ་བ་བྱུང་ནའང་དོན་དངོས་ཀྱི་གཡུ་དང་ཡིག་ཚང་གཉིས་ཀྱི་བར་རྒྱུ་མཚན་ག་འདྲ་ཞིག་གིས་གཡུའི་ཡིག་ཚང་གྲུབ་པར་དཔྱད་གཞིའི་རྒྱུ་ཆ་ཧ་ཅང་དཀོན་པས་འོལ་ཚོད་བྱེད་དཀའ་ཡང་། གཡུས་ནི་སྐབས་དེར་སྲིད་ཀྱི་གོ་གནས་དང་ཐོབ་ཐང་ངེས་ཅན་ཞིག་མཚོན་པ་དང་། ཡིག་ཚང་ནི་ཡི་གེ་སྟེ་དེང་དུས་ཀྱི་ཡིག་ཆ་(文件)ཞེས་པ་དང་ཕལ་ཆེར་གཅིག་འདྲ་ཡིན་པ་སྙམ། དེས་ན་བོད་བཙན་པོའི་དུས་བློན་ཆེན་པོ་དང་། ཡང་ན་འབངས་ཕལ་མོ་ཆེ་སུ་ཡང་རུང་གི་གོ་གནས་བསྐོ་བཞག་བྱ་དགོས་ཚེ་ཐོག་མར་བཙན་པོ་སྐུ་དངོས་ཀྱི་བཀས་ཡིག་ཚང་བསྩལ་དགོས་པ་དང་། དེའི་རྗེས་རུ་ཐོབ་དང་གོ་གནས་མཚོན་པའི་གཡུ་གསེར་ཟངས་ལྕགས་སོགས་འདོགས་དགོས་པ་དེང་དུས་ཀྱི་དམག་དཔུང་གི་“རུ་ཐོབ་འཕར་བའི་བཀའ་བརྡ”(军衔晋升命令通知)དང་གནས་ཚུལ་གོ་རིམ་རྣམས་གཅིག་མཚུངས་ཡིན་པར་མངོན། གཡུ་གསེར་སོགས་ཀྱི་ཡི་གེ་ཡོད་པ་ལ་ཞོལ་རྡོ་རིང་ལས་“ཐབས་”དང་“ཐབས་ཡོད་པ་”ཞེས་བཀོད་པས་གོ་གནས་སམ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་གི་སྲིད་ཀྱི་སྒྲིག་གཞི་ཞིག་མཚོན་ནའང་། རྒྱའི་ཡིག་ཚང་མང་པོ་ན་འདི་ལ་“ 吿身 ” ཞེས་རུ་ཐོབ་སོགས་ཕྱིའི་ཁྱད་ཆོས་གཞིར་བཟུང་ནས་དབྱེ་བ་ཞིག་སྟེ། ". . . . . . 章饰有五等、一谓瑟瑟、二谓金、三谓金饰银上、四谓銀、五谓熟铜、各以方圆三寸褐上装之。安膊前以別贵贱。"⒇ཞེས་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་གཡུ་གསེར་དངུལ་ཟངས་ཀྱི་རུ་ཐོབ་ལ་བལྟས་ཏེ་བློན་མཆོག་དམན་གྱི་རིགས་དབྱེ་ཚུལ་བྲིས་པས་ངེས་སླ། གཞན་རང་རེའི་དེབ་ཐེར་དག་ན་“གསེར་ཡིག་ཆེན་པོ”དང་“གསེར་ཡིག་ཆུང་ངུ་”ཞེས་བྲིས་པ་སོགས་ལ་འདི་ལས་རྒྱུ་མཚན་ཡང་དག་ཅིག་བཀོད་འདུག་ཀྱང་འདིར་སྐབས་སུ་བབ་པའི་དཔྱད་གཞིའི་གནད་མ་ཡིན་ཕྱིར་རེ་ཞིག་འཇོག་པ་ལས་འོས་མེད། དེས་ན་གོང་ནས་དྲངས་པའི་ལུང་ཚིག་དེའི་མཇུག་ཏུ་“ཆད་དོ་”ཞེས་པའི་དོན་ནམ་བསྟན་བྱ་ནི་ཐག་བཅད་པའམ་བཀས་བཅད་པར་གོ་ཞིང་། དེ་ལྟར་ན་བརྗོད་དོན་ཧྲིལ་པོ་ལ་“ཁོ་རང་ཡང་སྤྲུལ་གྱི་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་བཞི་ཉིན་ལ་བཙན་པོས་གཡུའི་ཡི་གེ་བསྩལ་ཏེ་བློན་ཆེན་པོར་ཐག་བཅད་དོ་”ལྟ་བུར་འབྱུང་བས་སྔ་མའི་བསྟན་བྱ་དང་འབྲེལ་ན་མཐུན་པར་འགྲོ་བ་དེ་ལྟ་ཡིན།
          གཡུའི་ཐོབ་ཐང་ནི་ཤོག་དྲིལ་ཡི་གེ་སྲོག་སྟོང་ཁྲིམས་ཡིག་ཏུ་“ཞང་ལོན་ཆེན་པོ་དང་། ཁོ་ཏའྀ་མྱེས་པོ་དང་ཕ་དང་འདི་རྣམས། ནང་གཅིག་གིས་གཅིག་རི་དགས་ལ། མདའས་དརྡུལ་བས་ཕོག་པ་དང་། ཞང་ལོན་འདི་རྣམས་ལའ། ཞང་ལོན་གཡུའི་ཡི་གེ་པ་མག་ཅད། དམངས་མཐའ་མ་ཡན་ཅད། ཀྱིས་རི་དགས་ལ་མདའ་ས་དརྔུལ་བའི་ཁྲིམ་ལ། །།བློན་ཆེན་པོ་དང་། ནང་བློན་ཆེན་པོ་དང་། བཙན་པོའི་ཞང་དྲུང་ཆབ་སྲིད་ལ་དབང་བ་གཅྀག་དང་། བློན་ཆེན་པོའྀ་འོག་པོན་དང་། ཞང་བློན་ཆེན་པོ་འདི་བཞི། ཁོང་ཏ་ངོ་བོ་དང་། ཁོང་ཏའྀ་མྱེས་པོ་དང་ཕ་དང་འདི་རྣམས། མདའ་དརྔུལ་བ་ལའ། སྟོང་མཉམ་མོ།” 21ཞེས་གཡུའི་ཡི་གེ་ཅན་དང་སྟོང་མཉམ་པ་ལ། བློན་ཆེན་པོ། ནང་བློན་ཆེན་པོ། བློན་ཆེན་པོའི་འོག་དཔོན། ཞང་བློན་ཆེན་པོ་སོགས་བཙན་པོའི་སྲིད་ལ་ནུས་པ་གལ་ཆེན་བཟུང་བའི་བློན་འབའ་ཞིག་ལ་བསྟན་པ་འདིས་གཡུའི་ཡི་གེ་ཅན་ནི་བཙན་པོའི་དུས་ཀྱི་ཆབ་སྲིད་ཀྱི་སྒྲིག་གཞིའི་ཁྲོད་ཞང་བློན་ཚོགས་ཀྱི་ནང་ནས་ཆེས་མཐོ་བའི་བློན་གྲས་ཡིན་ཏེ། ཞོལ་རྡོ་རིང་ལས། “བཙན་པོ་ཐུགས་སྙུང་བའྀ་ཚེ་ངན་ལམ་ཀླུ་ཁོང་གིས། ། རྒྱ་ཡུལ་གྱྀ་ཐིལད། རྒྱ་རྗེའྀ་ཕོ་བྲང་ཀེང་ཤིར། བོད་ཀྱི་དམག་དྲང་བའི་བཀའ་གྲོས་གྱྀ་མགོ་ཆེན་པོ་གསོལ་ནས་ཀེང་ཤིར་དྲང་བའི་དམག་དཔོན་ཆེན་པོར། ཞང་མཆིམས་རྒྱལ་ཟྀགས་ཤུ་ཐེང་དང་། ། བློན་སྟག་སྒྲ་ཀླུ་ཁོང་གཉིས། བཀའ་བསྩལ་ཏེ།། ཀེང་ཤིར་དྲངས་ནས། ཅིའུ་ཅྀར་གྱི་རབ་ངོགས་སུ་རྒྱ་དང་ཐབ་མོ་ཆེན་ཕོ་བྱས་ཏེ། བོད་གྱིས་གཡུལ་བཟློག་ནས། ། རྒྱ་མང་པོ་བདུངས་པས། ། རྒྱ་རྗེ་ཀྭང་པེང་ཝང་ཡང་། ཀེང་ཤྀའི་མཁར་ནས་ཕྱུང་སྟེའ་སྴེམ་ཅིའུར་བྲོས་ནས། ཀེང་ཤྀ་ཕབ་སྟེ་” 22ཞེས་པ་འདི་ཏུན་ཧོང་ཤོག་དྲིལ་དུ་“རྗེ་བློན་མོལ་ཏེ། ཞན་མཆིམས་རྒྱལ་ཟྀགས་ལ་སྩོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ། ལེགས་པ་ཞིན་པའི་བྱ་དགའ། གཡུའྀ་ཡི་གེ་ཆུ་ངུ་ནམ་ནམ་ཞར་ཞར་བྱིན་ནོ་” 23སོགས་བྲིས་པ་ལ་བསམས་ན་བློན་སྟག་སྒྲ་ཀླུ་ཁོང་ལ་བྱ་དགའ་དང་གཟེངས་བསྟོད་ཀྱི་ཆེད་དུ་རྡོ་རིང་བཞེངས་པ་མ་ཟད། ད་དུང་གཡུའི་ཡི་གེ་ཡང་བསྩལ་བར་མངོན། ལོ་རྒྱུས་ཡིག་ཚང་འགར་“ནང་སྲིད་ལ་མཁས་པའི་བློན་པོ་དང་མི་སྣ་ལ་གཡུ་དང་། གསེར་སོགས་རིན་པོ་ཆེའི་ཡིག་ཚང་གིས་བསྟོད་ཅིང་”སོགས་དམག་དང་གཡུལ་དུ་དཔའ་བ་ལ་གཡུའི་ཡི་གེ་གནང་བའི་སྲོལ་མེད་པར་བཤད་ཀྱང་། དོན་དངོས་སུ་འདི་འདྲ་ཞིག་ཡིན་པ་མ་ངེས་ཏེ། ཡིག་ཚང་རང་ལས། “གཡུལ་ཏུ་དཔའ་བ་ལ་ལྕགས་ཡིག་”ཅེས་དང་། ཡང་“དེ་ནས་རྨང་ཆུང་གིས་བཙན་མོར་ཕྱི་ཕྱག་ཕུལ་ཞིང་མགྱོགས་པར་ཕྱིར་ལོག་སྟེ་བཙན་པོའི་ཕོ་བྲང་དུ་འདི་སྐད་ཞུས། བཙན་མོའི་བཀའ་ལན་ཡིག་ཐོག་ཏུ་གནང་བ་ནི་མེད།མགུར་ཞེས་པའི་ཚིག་དོན་ནི་འདི་དང་འདི་ལྟར་གསུངས། ཕྱག་རྒྱས་མནན་ནས་བསྐུར་བའི་འབུལ་རྟེན་ནི་འདི་ལགས་སོ་ཞེས་ཕུལ་བ་ན། འབུལ་རྟེན་གྱི་རྒྱ་བཤིག་ནས་གཟིགས་སྐབས་དེའི་ནང་གཡུ་རྙིང་མ་ཧ་ཅང་ལེགས་པ་སུམ་ཅུ་ཙམ་ཞིག་བླུགས་ཡོད་པ་གཟིགས། བཙན་པོས་མགུར་གྱི་ཚིག་དོན་དང་བསྟུན་ནས་དེའི་གོ་དོན་ལ་དགོངས་པ་ཡང་ནས་ཡང་དུ་བཞེས་པའི་མཐར་བློན་པོ་རྣམས་ལ་བཀའ་བསྩལ་བ། རང་རེས་ཞང་ཞུང་ལུག་མི་རྒྱ་ལ་ཕར་རྒོལ་བྱེད་ཕོད་ན་ནི་གཡུ་ཐོགས་ཤིག་གལ་ཏེ་ཕར་རྒོལ་བྱེད་མ་ནུས་ན་ནི་བུད་མེད་དང་འདྲ་བས་ཞུ་གྱོན་ཅིག་ཟེར་བར་གདའ་”ཞེས་པ་འདིས་གཡུ་འདོགས་པ་དེ་དཔའ་བའི་ཆས་སུ་དྲངས་པས་འཐུས། དེས་ན་གོང་ནས་དྲངས་པའི་བློན་སྟག་སྒྲ་ཀླུ་ཁོང་དང་ཞང་མཆིམས་རྒྱལ་གཟིགས་གཉིས་གཡུའི་ཡིག་ཚང་ཅན་ཡིན་པ་རྩོད་མེད་དུ་གྱུར་པ་དང་། དེ་གཉིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སྲིད་ཀྱི་གོ་གནས་ཇི་འདྲ་ཞིག་ཡིན་པ་ནི་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཡི་གེའི་ནང་གསལ་བར་འབྱུང་སྟེ། “༄། བྲོ་སྩལད་པ་ལ། ༄ ། དབོན་འ་ཞ་རྗེ། ༄། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ། ༄ ། བློན་ཆེན་པོ་ཞང་རྒྱལ་གཟིགས་ཤུ་ཐེང་། བློན་སྟག་སྒྲ་ཀླུ་ཁོང་། ཞང་རྒྱལ་མཚན་ལྷ་སྣང་། . . .༄།  ནང་བློན་ལ། ༄། བློན་གྲ་འཛི། ཞང་རམ་ཤགས། ཞང་ཨ་སྲིན་......” 24ཞེས་སོགས་བོད་བཙན་པོའི་དུས་སྲིད་ཀྱི་གོ་གནས་དང་ཐོབ་ཐང་གི་རིམ་པ་བཞིན་བྲོ་བོར་བ་ལ། ཐོག་མར་ཇོ་མོ་མཆེད་དང་།  གཉིས་པ་རྒྱལ་ཕྲན་ཁག གསུམ་པ་བློན་ཆེན་པོ། དེའི་རྗེས་ནང་བློན་སོགས་བློན་གྱི་བྱེ་བྲག་རིམ་པ་མང་དུ་འདུག་པ་ལས་བློན་སྟག་སྒྲ་ཀླུ་ཁོང་དང་ཞང་མཆིམས་རྒྱལ་གཟིགས་ཤུ་ཐེང་གཉིས་སྲིད་ཀྱི་སྟེང་གོ་གནས་ཆེས་ཆེ་བའི་བློན་ཆེན་པོའི་གྲས་ཡིན་པ་འདི་གཡུའི་ཡི་གེ་ཅན་ཡིན་པའི་རྒྱུ་མཚན་གྱིས་ཡིན་ངེས་ཏེ། འདིར་དྲངས་པའི་ནང་བློན་གྲས་ཀྱི་ཞང་རམ་ཤགས་ཞེས་པ་ཏུན་ཧོང་ཤོག་དྲིལ་དུ། “རྒྱལ་པོ་འདི་འྀ་རིང་ལ། འབྲོ་ཁྲི་གཟའ་རམ་ཤགས་ཀྱིས། ། སྟོད་ཕྱོགས་སུ་དྲང་སྟེ། ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་པོ། ། འུང་གྀ་འོག་ཏུ་མྱ་དཀར་པོ་འབངས་སུ་མངའ་བ་ལས། གློ་བ་རྀངས་པའི་ཚེ། ། དམག་ཕོན་འབྲོ་རམ་ཤགས་བཀའ་སྩལ་ནས། བྲག་རྩེར་ནོལ་ཐབས་བཀྱེ་བའི་ཚེ། ། འཇང་མང་པོ་བཀུམ་ནས།  །སྤྱན་ཆེན་པོ་ཉིང་རིམ་དང་། སྣ་ལ་གཐོགས་པ་དང་། དམངས་ཡན་ཆད་སུམ་བརྒྱའ་རྩ་བཅུ་གཉྀས་བཟུང་ནས། ། འཇང་རྗེ་གོལ་གྱིས་ཀྱང་པྱག་འཚལ་ཏེ། འབངས་རྣལ་མར་བཀུག་ནས། དཔྱའ་ཕབ་སྟེ་སྔ་མཁོ་བཞིན་དུ་བཀོད་དོ། ། ” 25ལྟ་བུ་མཛད་རྗེས་བླ་ན་མེད་པ་བཞག་ཀྱང་ནང་བློན་གྱི་གྲས་སུ་མ་སོང་བ་འདི་གཡུའི་ཡིག་ཚང་མེད་པས་ལན་པ་འདྲ། གང་ལྟར་བོད་བཙན་པོའི་དུས་ཀྱི་སྤྱི་ཚོགས་ནང་གཡུ་ནི་རང་བཞིན་སྤྱིར་བཏང་གི་དངོས་པོ་ཞིག་མ་ཡིན་པར་གསེར་ལས་ཀྱང་རིན་ཐང་ཆེ་བ་དང་། བོད་རང་གི་ཁྱད་ནོར་ཐུན་མོང་མ་ཡིན་པའི་རྒྱུ་མཚན་རྣལ་མ་འདུག་པ་འདིས་ཕྱིས་ཀྱི་བོད་རང་གི་འཚོ་བའི་ཁྲོད་དུའང་གཡུ་རྙིང་ནི་ཧ་ཅང་རྒྱུག་ཆེ་ལ་བརྩི་མཐོང་ཆེ་བ་བྱུང་བ་ནི་མི་ལ་རས་པའི་རྣམ་མགུར་ལས། “བདག་མེད་མ་འོ་སྐོལ་ལ་གཡུ་འདི་ག་ནས་བྱུང་གསུང་བ་ལ། དེར་ཡུམ་གྱིས་ཕྱག་མང་པོ་ཕུལ་ནས། གཡུ་འདི་ལ་ཡབ་ཀྱི་ཐེ་རེག་ཡེ་མེད་ལགས། འདི་དང་པོ་ང་ཕ་མས་ཡབ་ཀྱི་དྲུང་དུ་རྫོང་བའི་ཚེ། བླ་མ་ཡང་ཐུགས་གཏུམ་མེ་བ་ཞིག་ཡོད་པར་འདུག་པས། གལ་ཏེ་བཟའ་ཚོ་བྱེ་བྲག་ལ་སོང་ན་དགོས་པས་འདི་སུ་ལའང་མ་སྟོན་པར་ཚགས་གྱིས་ཤིག་ཟེར། བདག་རང་གི་ཕག་ནོར་དུ་གནང་བ་ལགས་......” 26ཞེས་དང་། ད་དུང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས། “འགྲོ་ཞོར་ལམ་བུའི་སྙིང་ཐུབ། ། ལུས་དྲི་ཞིམ་པའི་བུ་མོ། ། གཡུ་ཆུང་དྲུག་དཀར་རྙེད་ནས། ། སྐྱུར་བ་དེ་དང་འདྲ་བྱུང་།” ཞེས་སོགས་མང་དུ་འཕྲོས་པ་འདིས་གནའ་དེང་གི་སྤྱི་ཚོགས་ཁྲོད་བར་མ་ཆད་པར་གཡུའི་རིན་ཐང་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་ངང་གིས་ཤེས་ནུས་སོ། །
          མཆན།
          ①《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》(དེབ་གཉིས་པ) P.79 
          ②《མངོན་བརྗོད་མཁས་པའི་རྣ་རྒྱན》P. 124
          ③དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《ཤེལ་གོང་ཤེལ་ཕྲེང་》ཤིང་དཔར། P.15 
          ④《宗日遗址文物精粹及论述选集》四川科学技术出版社P.3
          ⑤《མི་རོ་རྩེ་སྒྲུང》P.7  
          ⑥⑦《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》P.75. P.45
          ⑧《གངས་ལྗོངས་བསྟན་པའི་རྣམ་བཤད་པད་མ་དཀར་པོའི་ཆུན་པོ》P.26 
          ⑨⒄《ཁ་ཆེ་གཡུ་རྫོང་》ཤིང་དཔར། P.69. P.67
          ⑩⒅《ཤེལ་གོང་ཤེལ་ཕྲེང་》ཤིང་དཔར། P. 15 P. 15 
          ⑾《བོད་ཀྱི་བརྡ་རྙིང་ཡིག་ཆ་གདམས་བསྒྲིགས》P.55
          ⑿ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་《 བླ་བླུའི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད་ཅེས་བྱ་བ》P.2 
          ⒀《金枝》(英)詹•乔•弗雷泽著中国民间文艺出版社P.942 
          ⒁⒂⒆. 21.22.23.24.25《བོད་ཀྱི་བདོ་རྙིང་ཡིག་ཆ་གདམས་བསྒྲིགས》P.459 P.464 P.322 P.281 P. 128 P. 103 P. 139 P. 104
          ⒃《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》P. 12 
          ⒇《册府元龟》26《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》P.73